ཟུར་བཞག་དུས་ཡུན་ བདུན་ཕྲག་༢ ལུ་ ཡར་སེང་འབད་དགོ་པའི་གྲོས་འཆར།

༉ ད་རེས་ རྒྱལ་ཁབ་ཀྱི་ ལྷོ་མཚམས་ས་གནས་ ཕུན་ཚོགས་གླིང་ལུ་ ནད་འབུབ་ཀོ་རོ་ན་བའེ་རཱསི་ ཉིན་བསྟར་བཞིན་དུ་ ཐོན་དོ་ཡོད་མི་དང་འཁྲིལ་ ཉེན་ཁ་ཅན་གྱི་ས་ཁོངས་ནང་ལས་ ཉེན་ཁ་ཆུང་བའི་ས་ཁོངས་ནང་ འོང་ནིའི་དོན་ལུ་ ཟུར་བཞག་དུས་ཡུན་ བདུན་ཕྲག་༢ ལུ་ ཡར་སེང་འབད་དགོ་པའི་ ལོ་རྒྱུས་སླབ་དོ་ཡོདཔ་ཨིན་པས།

རྒྱལ་ཡོངས་གསོ་བའི་ ཐབས་རིག་བསླབ་བཀོད་སྡེ་ཚན་གྱི་འཐུས་མི་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ མ་གཞི་ སྡེ་ཚན་གྱིས་ ཟུར་བཞག་གི་དུས་ཡུན་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཀོད་ཡོདཔ་ཨིན་རུང་ ནམ་འབད་ནི་ཨིན་ན་ གཏན་འཁེལ་མིན་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ད་ལྟོ་ བདུན་ཕྲག་༡ འབད་མི་དེ་ཡང་ མ་གཞི་ ནད་འབུབ་ཚད་འཛིན་འབད་ནི་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་རུང་ ད་རེས་བཟུམ་མའི་ ནད་འབུབ་དར་ཁྱབ་འགྱོ་བའི་སྐབས་ བདུན་ཕྲག་༢ ལུ་ ཡར་སེང་འབད་དགོཔ་དེ་ ཁག་ཆེ་དྲགས་འདུག་ཟེར་ཨིན་པས།

རྒྱལ་ཡོངས་གསོ་བའི་ ཐབས་རིག་སྡེ་ཚན་གྱིས་ དམིགས་བསལ་དུ་ ད་རེས་བཟུམ་མའི་ ནད་འབུབ་ཐོན་པའི་ གནས་སྟངས་སྐབས་ནང་འབད་བ་ཅིན་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་ལས་ ཉེན་ཁ་ཆུང་བའི་ས་ཁོངས་ནང་ འོང་བའི་སྐབས་ཀྱི་ ཟུར་བཞག་གནས་ཡུན་དེ་ ཉིན་གྲངས་༡༠ ལས་༡༤ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

ད་རེས་ཁམས་ཡང་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་འོང་མི་༢ བདུན་ཕྲག་༡ གི་ ཟུར་བཞག་སྐབས་ ནད་འབུབ་ཡོདཔ་སྦེ་ བདའ་བཟུན་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་༢ ཟུར་བཞག་ནང་ བཙུགས་པའི་སྐབས་ ནད་བརྟག་འབདཝ་ད་ ནད་འབུབ་མེདཔ་སྦེ་ མཐོང་ཡོད་རུང་ དེ་ནང་ལས་ ལོག་བཏང་བའི་སྐབས་ཀྱི་ བརྟག་དཔྱད་ནང་ ནད་འབུབ་ཡོདཔ་སྦེ་ བདའ་ཟུན་ཡི་ཟེར་ཨིན་པས།

ཨིན་རུང་ ཕུན་ཚོགས་གླིང་དེ་ ས་ཁོངས་ཁག་སོ་སོ་ལུ་ ཁག་དབྱེ་སྟེ་ཡོདཔ་བཞིན་དུ་ ད་རེས་ ནད་འབུབ་མ་ཐོན་སའི་ ས་ཁོངས་ནང་སྡོད་མི་ཚུ་གིས་ ཁོང་ཆ་ཁྱབ་ ཉེན་ཁ་ཆུང་བའི་ས་ཁོངས་ནང་ འགྲོ་འགྲུལ་འབད་ནིའི་དོན་ལུ་ ཟུར་བཞག་མ་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ དེ་བཟུམ་མའི་ ཉེན་ཁ་ཚུ་ འབག་ཐབས་རྩ་ལས་ར་མེད་ཟེར་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་ཨིན་པས།

འདས་པའི་དྲི་བ་དྲིས་ལན་ཅིག་གི་སྐབས་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ཡང་ ཟུར་བཞག་གི་གནས་ཡུན་དེ་ ཡར་སེང་འབད་དགོཔ་བཟུམ་ཅིག་སྦེ་ར་ མཐོངམ་མས་ཟེར་ གསུངས་ཡོདཔ་ད་ གདོང་ཁར་ཐོན་ཏེ་ ལཱ་འབད་མི་ཚུ་གི་དོན་ལུ་འབད་བ་ཅིན་ བདུན་ཕྲག་༢ ལུ་ ཡར་སེང་འབད་དེ་ ཡོད་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ དེ་བཟུམ་མའི་ ཟུར་བཞག་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ག་དེམ་ཅིག་སྦེ་ ནད་གཞི་ཚུ་ ད་ལྟོ་ནད་འབུབ་མེད་སའི་ ས་ཁོངས་ཚུ་ནང་ ཤོར་སོ་པ་ཅིན་ མི་སྡེ་མེདཔ་གཏང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ཏེ་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *