ཟུང་ཕྱོགས་མཐུན་ལམ་ལས་ གནད་དོན་གསརཔ་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད།

༉ རྒྱ་གར་གྱི་ བློན་ཆེན་ན་རེན་ད་ར་མོ་དི་དེ་ འབྲུག་ལུ་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ལུ་ མ་བྱོན་པའི་ཧེ་མར་ འབྲུག་མི་ལ་ལོ་གིས་ གཟིགས་སྐོར་གྱི་ དམིགས་དོན་དང་ རྒྱལ་ཁབ་ལུ་ ཕན་ཁྱད་ག་ཅི་འོང་ག་ཟེར་ དྲི་བ་བཀོད་ཡོདཔ་ཨིན་རུང་ མང་ཤོས་ཅིག་ར་ མོ་དིའི་གཟིགས་སྐོར་ཐེངས་༢ པ་དེ་ འགོ་བཙུགས་ནིའི་དོན་ལུ་ སག་ལང་སྟེ་སྡོད་ནུག།
འབྲུག་མི་ཚུ་གིས་ རྒྱ་གར་གྱི་ དབུ་ཁྲིད་ཀྱི་ གཟིགས་སྐོར་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ འབྲུག་དང་རྒྱ་གར་གྱི་བར་ན་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ འགོ་བཙུགས་མི་ ཟུང་ཕྱོགས་མཐུན་འབྲེལ་རྐྱངམ་གཅིག་མེན་པར་ ལས་སྣ་གཞན་ཚུ་ནང་ མཉམ་འབྲེལ་རྒྱ་སྐྱེད་གཏང་དགོཔ་ ཡོད་མི་ལུ་བརྟེན་ཨིན་མས།
འབྲུག་མི་ཚུ་གིས་ རེ་བ་བསྐྱེདཔ་བཞིན་དུ་ བློན་ཆེན་མོ་དི་གིས་ རྒྱལ་ཁབ་ནང་ གཟིགས་སྐོར་མཐར་འཁྱོལ་ཅན་སྦེ་ གནངམ་དང་འབྲེལ་ ལས་འགུལ་ཚུ་ གསར་བཙུགས་དང་ ལས་དོན་ཁག་༡༠ གུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་གནང་པའི་ཁར་ མཉམ་འབྲེལ་འབད་ནིའི་ ལས་དོན་གསརཔ་ཚུ་ ངོས་འཛིན་འབད་ཡོདཔ་ལས་ འབྲུག་གཞུང་དང་ མི་སེར་གཉིས་ཆ་ར་ལུ་ ཡིད་ཆེས་ངལ་རངས་སྦོམ་བྱུང་ནུག།
ད་ཚུན་གྱི་བར་ན་ རྒྱ་གར་གཞུང་གིས་ འབྲུག་བཟུམ་མའི་ སྐོབས་ཚུད་ཅན་གྱི་ རྒྱལ་ཁབ་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ བརྩེ་བའི་གྲོགས་རམ་དང་ རྒྱབ་སྐྱོར་ཚུ་ གནང་བཞིན་དུ་ཡོད་མིའི་ནང་ལས་ དམིགས་བསལ་དུ་ ཆུར་བརྟེན་གློག་མེ་ལས་འགུལ་དེ་ རྒྱལ་ཁབ་གཉིས་ཀྱི་ ཟུང་ཕྱོགས་མཐུན་འབྲེལ་ནང་ མཉམ་འབྲེལ་གལ་གནད་ཅིག་སྦེ་ གནས་ཡོདཔ་ཨིན་རུང་ གོང་འཕེལ་གྱི་ འགྱུར་བ་དང་ དུས་ཚོད་འཕོ་འགྱུར་དང་བསྟུན་ གཙོ་རིམ་ཚུ་ཡང་ བསྒྱུར་བཅོས་འགྱོ་དང་འགྱོ་བཞིན་དུ་ཡོདཔ་ཨིན།
འདི་འབདཝ་ལས་ རྒྱ་གར་གྱི་ དབུ་ཁྲིད་དང་ རྒྱ་གར་རྒྱལ་ཁབ་ནང་ཡོད་མི་ འབྲུག་གི་ལེགས་སྨོན་ཅན་ཚུ་གིས་ རྒྱ་གར་དང་ འབྲུག་མི་ཚུ་གི་བར་ན་ ལཱ་གཅིག་ཁར་འབད་དེ་ གཅིག་གིས་གཅིག་གི་ ཉམས་མྱོང་ཚུ་ལས་ ཁེ་ཕན་སྤྱོད་ནིའི་དོན་ལུ་ རྒྱལ་ཁབ་གཉིས་ཀྱིས་ མཉམ་འབྲེལ་འབད་ནི་གི་ ལས་དོན་གསརཔ་ཚུ་ བལྟ་དགོཔ་འདུག་ཟེར་ སླབ་བཞིན་དུ་ ད་རེས་ བློན་ཆེན་མོ་དིའི་ གཟིགས་སྐོར་སྐབས་ ཟུང་ཕྱོགས་མཐུན་འབྲེལ་ལས་བརྒལ་ཏེ་ ལས་དོན་གཞན་ཚུ་ནང་ མཉམ་འབྲེལ་འབད་ནི་གི་ འོས་འབབ་བལྟ་དགོཔ་སྦེ་ གསུངས་མི་དེ་ ཨོམ་དང་ཆུ་བཟུམ་སྦེ་ གནས་ཡོད་མི་ རྒྱ་འབྲུག་གི་ མཛའ་བཤེས་མཐུན་ལམ་ ལྷག་པར་དུ་ གོང་ལམ་གོང་དུ་འཕེལ་ནི་གི་ བརྡ་མཚོན་ཨིན་མས།
ད་རུང་ བློན་ཆེན་མོ་དི་གིས་ འབྲུག་གི་ན་གཞོན་ཚུ་ལུ་ གོ་སྐབས་འདྲ་མིན་སྣ་ཚོགས་དང་ རྒྱལ་ཁབ་ལྷག་པར་དུ་ མདུན་སྐྱོད་འབད་ཐབས་ལུ་ ཐབས་དང་གནས་སྐབས་ དེ་ལས་ རིག་པ་གསརཔ་བཏོན་ཐོག་ལས་ ལཱ་རྩ་འགེངས་ཏེ་ འབད་དགོ་པའི་ བཀའ་སློབ་བཟང་པོ་གནངམ་ད་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱིས་ ན་གཞོན་ཚུ་ རྒྱལ་ཁབ་ཀྱི་ མ་འོངས་པའི་ དབུ་ཁྲིད་དོན་ལུ་ གལ་ཆེཝ་སྦེ་ གསུངས་དང་གསུངས་བཞིན་དུ་ཡོད་མི་དེ་ དྲན་ཚོར་བྱུང་ཡི།
ག་འཆརཔ་ཟེར་བ་ཅིན་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ ཡར་བཀལ་རུང་ མར་བཀལ་རུང་ ན་གཞོན་ཚུ་གི་ལག་པར་ཨིན་ཟེར་ ཡང་ལས་ཡང་དུ་ གསུངས་གནང་ཡོདཔ་བཞིན་དུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ཡང་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་གྱི་ མཛད་སྒོ་དང་ ན་གཞོན་ཚུ་གི་ ལས་རིམ་ཚུ་ནང་ ན་གཞོན་ཚུ་ རྒྱལ་ཁབ་གོང་འཕེལ་ནང་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་སྐོར་ གསུང་བཤད་གནང་བཞིན་དུ་ཡོདཔ་ཨིན།
ད་ལས་ཕར་ རྒྱ་འབྲུག་གི་ གློག་མེ་དང་ ཚོང་འབྲེལ་ལས་བརྒལ་ཏེ་ ཤེས་ཡོན་བརྗེ་སོར་དང་ ཡོངས་གྲགས་ཅན་གྱི་ གཙུག་ལག་སློབ་སྡེ་ཚུ་གི་བར་ན་ ཁྱད་རིག་བརྗེ་སོར་འབད་ནི་ དེ་ལས་ འཕྲུལ་སྐར་དང་ གནམ་སྟོང་ཚན་རིག་ནང་ ཞིབ་འཚོལ་ལ་སོགས་པ་ མཉམ་འབྲེལ་འབད་ནི་ཨིནམ་ལས་ ན་གཞོན་ཚུ་ལུ་ རིག་རྩལ་དང་ གསར་གཏོད་ཚུ་ནང་ ཕན་ཁྱད་འབྱུང་ནི་གི་ འོས་འབབ་སྦོམ་འདུག།
བློན་ཆེན་མོ་དི་གིས་ གནད་དོན་གསརཔ་ཚུ་ནང་ མཉམ་འབྲེལ་གང་དྲག་འབད་ནི་སྦེ་ ཞལ་གྱིས་བཞེས་མི་དེ་ རྒྱ་འབྲུག་གི་མཐུན་ལམ་ སྔར་བ་ལྷགཔ་སྦེ་ རྩ་བརྟན་དང་ སྒྲིང་སྒྲི་ བློ་གཏད་དང་ ཡིད་ཆེས་ཚུགསཔ་ འགྱོ་ནི་ཨིནམ་ འབྲུག་མི་ཚུ་ལུ་ ངེས་ཤེས་འདྲོངས་ཡོད།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *