གསར་སྒྲུབ་འབད་མི་ཟམ།

ཟམ་སྒྲུབ་རུང་ འཁོར་ལམ་མེད་པའི་དཀའ་ངལ་ ཐོན་བཞིན་དུ་ཡོདཔ།

༉ ལྷ་མོའི་རྫིང་ཁ་དྲུང་ཁག་འོག་ལུ་ ནི་ཆུ་ལ་རྒེད་འོག་གི་ སྣུམ་འཁོར་འགྱོ་སའི་ཟམ་ཅིག་ ཟླ་ངོ་༡༨ ཀྱི་ཧེ་མར་ བཟོ་སྐྲུན་གྱི་ལཱ་ མཇུག་བསྡུ་ཡོད་རུང་ ད་ལྟོའི་བར་ན་ཡང་ ཟམ་ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

རིང་ཚད་ཕིཊ་༡༢༠ འབད་མི་ ནི་ཆུ་ལའི་གཙང་ཆུ་གུ་ལས་ བཟོ་སྐྲུན་འབད་མི་ སྣུམ་འཁོར་ཐལ་ཚུགས་པའི་ཟམ་དེ་ བཟོ་སྐྲུན་འབད་ཡོད་པའི་ཁར་ འཁོར་ལམ་སེལ་ནིའི་ ཆ་འཇོག་གྲུབ་རུང་ ལམ་སེལ་ནི་མེད་པར་ ལོ་ལེ་ཤ་སོང་ཡོདཔ་ཨིན་པས།

ད་རེས་ནངས་པར་ མི་སེར་ཚུ་གིས་ ཧེ་མ་ལས་ བཟོ་སྐྲུན་འབད་མི་ཟམ་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ ཟམ་རྙིངམ་དེ་ ད་ལྟོའི་ཟམ་གསརཔ་གི་ལྟག་ལུ་ ཡོདཔ་ཨིན་པས།

གདང་རེ་སྦུག་གཡུས་ཚན་ལས་ གར་ཇ་མཱན་ ཀར་ཀི་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ཟམ་གསརཔ་ལག་ལེན་འཐབ་ནིའི་ བསོད་ནམས་མིན་འདུག་ཟེར་ཨིན་པས།

ལམ་སེལ་ལས་ཁུངས་ཀྱིས་ ཟམ་གསརཔ་རྐྱབ་མི་དེ་ ཤུལ་ལས་ རྒེད་འོག་གིས་ བཟོ་སྐྲུན་འབད་ཡོདཔ་ད་ ད་ལྟོ་ གཅིག་གིས་གཅིག་ལུ་ རྩིས་སྤྲོད་ལེན་འབད་བའི་ ལོ་རྒྱུས་མ་གོ་ཟེར་ཨིན་པས།

ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མོང་སྒར་གྱིས་ སླབ་མིའི་ནང་ སྣུམ་འཁོར་ལམ་སེལ་ནིའི་དོན་ལུ་ ས་ཆ་ངོས་འཛིན་འབད་མི་དེ་ མི་སེར་ཚུ་གིས་ བྱིན་མ་བཏུབ་མི་ལུ་བརྟེན་ སྐོར་ལམ་ལས་ སེལ་ནིའི་ཐབས་ལམ་བཏོན་ཏེ་ བརྟག་ཞིབ་འབད་ཡོད་རུང་ སའི་གནས་སྟངས་ ལེགས་ཤོམ་མིན་འདུག་ཟེར་ཨིན་པས།

འགོ་དཔོན་གིས་འབད་བ་ཅིན་ ལམ་སེལ་ནིའི་དོན་ལུ་ ས་གཅོད་འཕྲུལ་ཆས་ ཨེསི་ཀེ་བེ་ཊར་ཚུ་ ས་གོ་ནང་ བཏང་ཡོདཔ་ལས་ འཕྲལ་མགྱོགས་ར་ ལཱ་འབད་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

གསར་སྒྲུབ་འབད་མི་ ཟམ་དེ་གིས་ སྤྱི་འོག་༣ གྱི་ མི་སེར་༦༠༠ ལྷགཔ་ཅིག་ལུ་ ཁེ་ཕན་འབྱུང་ནི་ཨིནམ་ད་ ཟམ་དེ་ རྒྱ་གར་གཞུང་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༦.༠༩ བཏང་སྟེ་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

ལམ་སེལ་ནིའི་དོན་ལུ་ ཅ་ཆས་ཚུ་ སྐྱེལ་འདྲེན་འབདཝ་ད་ རྒྱ་གར་གྱི་ས་གནས་ བཱ་ར་བི་ཤ་ཁྲོམ་ལས་ སྐྱེན་འདྲེན་འབད་དགོ་མི་ལུ་བརྟེན་ ཟད་འགྲོ་ཐེབས་གནསཔ་མས་ཟེར་ཨིན་པས།

ནི་ཆུ་ལ་གི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སུན་ཀོཤ་གཙང་ཆུ་གུ་ལས་ ཟམ་ཅིག་ངེས་པར་དུ་ བཟོ་སྐྲུན་འབད་དགོཔ་འདུག་ཟེར་ཨིན་མི་དེ་ཡང་ གལ་སྲིད་ ཟམ་ཡོད་པ་ཅིན་ མི་སྡེ་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་སྦོམ་ར་ འབྱུང་ནི་མས་ཟེར་ཨིན་པས།

བཱག་ཏ་མོང་སྒར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ཟམ་དེ་ ས་གོ་དོག་དྲགས་ཅིག་ནང་ རྐྱབ་ཡོདཔ་ལས་ བྱ་སྟབས་མ་བདེཝ་འདུག་ཟེར་ཨིན་པས།

གར་ཇ་མཱན་ཀར་ཀི་གིས་ སླབ་མིའི་ནང་ ནི་ཆ་ལ་གཙང་ཆུ་གུ་ལས་ ཟམ་བཟོ་སྐྲུན་འབད་ནི་དེ་ སྤྱི་ལོ་༢༠༠༧ ལས་ བསྒུགས་སྡོད་ཅི་ཟེར་ཨིན་རུང་ ད་ཚུན་གྱི་རིང་ལུ་ སྤྲིངས་ཟམ་དེ་ར་ ལག་ལེན་འཐབ་ཅི་ཟེར་ཨིན་པས།

གློག་མེ་ལསའགུལ་འགོ་བཙུགསཔ་ད་ སཱུན་ཀོཤ་གཙང་ཆུ་གུ་ལས་ ཟམ་བཟོ་སྐྲུན་འབད་ནི་ཟེར་ གོཝ་མ་གཏོགས་ གཞུང་འབྲེལ་དུ་ མེན་པས་ཟེར་ཨིནམ་ད་ གལ་སྲིད་ སྣུམ་འཁོར་ཟམ་རྐྱབ་པ་ཅིན་ གྲོང་གསེབ་ལས་ ཁྲོམ་ཁར་ གནས་སྤོ་འགྱོ་མིའི་གྱངས་ཁ་ མར་ཕབ་འབད་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *