བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་གྱི་ཆ་ཤས།

ཟམ་གསརཔ་བསྒྲུབ་པ་ཅིན་ འབུམ་སྡེ་གླིང་རྒེད་འོག་གི་ སྤྱི་འོག་༣ ལུ་ ཕན་ཐོགས་འབྱུང་ནི།

༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་རྒེད་འོག་ལྟེ་བའི་ ཉེ་འདབས་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་གསརཔ་དེ་ དུས་ཚོད་ཁར་བསྒྲུབ་པ་ཅིན་ སྤྱི་འོག་༣ གྱི་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

ད་རེས་ཧ་ལམ་ ལཱ་བརྒྱ་ཆ་༧༠ དེ་ཅིག་འབད་ཚར་ཏེ་ཡོདཔ་ད་ ད་ལྟོ་ ཟམ་གྱི་གཞི་རྟེན་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ འབད་བ་ཅིན་ ཟམ་དེ་དུས་ཚོད་ཁར་བསྒྲུབ་པ་ཅིན་ སོ་ནམ་པ་ཚུ་ལུ་མ་ཚད་ རིགས་གསུམ་མགོན་པ་ ཉམས་གསོ་འབད་མི་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

སྐྱེས་ལོ་༤༥ ལང་མི་ དགེ་འདུན་ལ་གིས་ སླབ་མིའི་ནང་ ཟམ་རྐྱབ་ཚར་བའི་བསྒང་ལས་ སྤྱི་འོག་༣ གྱི་ ཁྱིམ་གུང་པ་༦༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་ནང་ སྣུམ་འཁོར་ནང་འགྱོ་བ་ཅིན་ ཀི་ལོ་མི་ཊར་༨ དེ་ཅིག་གི་རྩིས་ འཁོར་ལམ་བསྐོར་ར་རྐྱབ་སྟེ་ འགྱོ་དགོ་ཟེར་ཨིནམ་ད་ ཁུར་ཆ་ཚུ་ཡང་ མང་ཤོས་ར་ སྒལ་ཏོ་ཁར་འབག་འགྱོ་དགོ་ཟེར་ཨིན་པས།

ཟམ་བཟོ་སྐྲུན་གྱི་ལཱ་མགྱོགས་སུ་སྦེ་ འབད་མི་ལུ་བརྟེན་ སོ་ནམ་པ་མང་ཤོས་ར་ སེམས་དགའ་སྟེ་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ ས་གནས་ཀྱི་མི་ཚུ་གིས་ འབདཝ་ཨིན་པས།

ས་གནས་ལམ་བྲག་ལས་ ཨ་ལོ་༣ གྱི་ཨའི་གིས་ འབད་བ་ཅིན་ ཁྲོམ་ཁར་ཚོད་བསྲེ་རེ་ བཙོང་པ་འགྱོ་དགོ་པ་ཅིན་ རྒེད་འོག་ལྟེ་བ་ཚུན་ ཚོད་བསྲེ་ཚུ་ སྒལ་ཏོ་ཁར་འབག་དགོ་ཟེར་ཨིནམ་ད་ ཟམ་རྐྱབ་ཚར་ཞིནམ་ལས་ དཀའ་ངལ་དེ་ སེལ་ཚུགས་ནི་མས་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ལམ་བྲག་གཡུས་ཚན་དེ་ ས་གནས་གཞན་ཁ་ལས་ འཁོར་ལམ་མཐུད་སྦྲེལ་འབད་དེ་ཡོད་རུང་ ས་གནས་བརྒྱུད་དེ་འགྱོ་བ་ཅིན་ གླ་ཆ་ཐེབས་སྤྲོད་དགོ་པའི་ཁར་ དུས་ཚོད་འབད་རུང་ ལེ་ཤ་འགོརཝ་མས་ཟེར་ཨིན་པས།

སྦས་རྩ་མང་གཡུས་ཚན་ལས་ ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཟམ་དགོཔ་ངེས་བདེན་ཨིན་མི་དེ་ཡང་ ལྗིད་ཡོད་པའི་ ཁུར་ཆ་ཚུ་ སྐྱེལ་འདྲེན་འབདཝ་ད་ དཀའ་ངལ་བྱུང་བཞིན་དུ་ཡོདཔ་ལས་ ཟམ་དུས་ཚོད་ཁར་བསྒྲུབ་པ་ཅིན་ སོ་ནམ་པ་ག་ར་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།

ཟམ་གསརཔ་རྐྱབ་ཚར་བའི་བསྒང་ལས་ རྫོང་ཁག་དང་ གཡུས་ཚན་གྱི་བར་ན་ དུས་ཡུན་སྐར་མ་༢༠ ལས་བརྒལ་ མི་འགོར་ཟེར་ཨིནམ་ད་ ད་ལྟོ་འབད་བ་ཅིན་ སྐར་མ་༣༠ ལྷགཔ་ཅིག་ འགོར་འོང་ཟེར་ཨིན་པས།  

ཟམ་དེ་ མཁོ་ལོང་ཆུ་གུ་ལས་རྐྱབ་དོ་ཡོདཔ་ད་ ཟམ་གྱི་གཞི་རྟེན་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥.༩༣ དང་ ཅ་ཆས་ཀྱི་དོན་ལས་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབདཝ་ཨིན་པས།

ས་གནས་ཀྱི་ མི་ཅིག་གིས་ འབད་བ་ཅིན་ ཟམ་དེ་ཧེ་མ་ལས་ རྐྱབ་ཚར་ནི་ཨིན་རུང་ ཡུན་འགྱངས་སྦེ་ ལུས་སོ་ཡི་ཟེར་ཨིནམ་ད་ དུས་ཅི་ གནམ་བྱཱར་མ་ཐོནམ་ལས་ ཟམ་དེ་བསྒྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།

ཟམ་དེ་གིས་ གཡུས་མི་ཚུ་གིས་མ་དོ་བར་ གནས་མཇལ་བ་འགྱོ་མི་ཚུ་ལུ་ཡང་ ཁེ་ཕན་འབྱུང་འོང་ཟེར་ཨིནམ་ད་ ལམ་བྲག་དང་ ཞག་སྤང་གི་ སོ་ནམ་པ་ཚུ་འབད་རུང་ ཚོད་བསྲེ་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ཟེར་ཨིན་པས།

རྫོང་ཁག་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཟམ་གྱི་གཞི་རྟེན་གྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༢༦ ལུ་ རྐྱབ་ཚར་ནི་ཨིན་རུང་ ཧེ་མ་ ཆུ་རུད་ཀྱིས་ བར་ཆད་རྐྱབ་པའི་ཁར་ འགྲོ་འགྲུལ་བཀག་དམ་ ཐེངས་༢ པ་འབད་བའི་བསྒང་ལས་ ཅ་ཆས་ཐོབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།

བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ཟམ་གྱི་གཞི་རྟེན་རྐྱབ་ཚར་ཞིནམ་ལས་ ཟམ་གྱི་ཅ་ཆས་བཙུགས་ནི་དེ་ དུས་ཚོད་གངམ་མི་འགོར་ཟེར་ཨིནམ་ད་ ཟམ་གྱི་ཅ་ཆས་མཁོ་སྒྲུབ་ཀྱི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དང་ ཞབས་ཏོག་ལྷན་ཁག་གཉིས་ཀྱིས་ མཁོ་སྒྲུབ་འབད་དགོ་པའི་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཟམ་གཞི་རྟེན་གྱི་ལཱ་ཚུ་ སྤྱི་ཟླ་༤ པ་མཇུག་བསྡུ་ཁམས་ལུ་ མཇུག་བསྡུ་ཚུགས་ཟེར་ ཁག་འབགཔ་གིས་ ངོས་ལེན་འབད་དེ་ཡོད་ཟེར་ཨིན་པས།

རིགས་གསུམ་མགོན་པའི་ལྷ་ཁང་ ལས་འགུལ་གྱི་དོན་ལུ་ ཟམ་ལས་འགོ་བཙུགས་ ཀི་ལོ་མི་ཊར་༥ འབད་མི་ སོ་ནམ་ཞིང་ལམ་ གསརཔ་སེལ་མི་དེ་ཡང་ ལེགས་བཅོས་འབད་ནི་ཨིནམ་ད་ དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་ནི་ཨིན་པའི་གནས་ཚུལ།

བཀྲིས་གཡང་རྩེ། གནས་བརྟན་རྡོ་རྗེ།  

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *