ཟད་འགྲོ་ལྕི་རུང་ ནདཔ་སྐྱེལ་ལེན་གྱི་ ཞབས་ཏོག་ཕན་ནུས་ཅན་བཟོ་དགོཔ།

༉ འདས་པའི་བདུན་མཐའ་ལུ་ མཇུག་བསྡུ་མི་ གསོ་བའི་ལྷན་ཁག་གི་ ལོ་ཟུང་གསོ་བའི་ཞལ་འཛོམས་ནང་ རྒྱལ་ཁབ་ནང་འཁོད་ལུ་ ནདཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་ཚུ་གི་ གནད་དོན་སྐོར་ལས་ གྲོས་བསྡུར་འབད་མི་དེ་ དུས་ཐོག་ལུ་ཨིན་མས།

གསོ་བའི་འགོ་དཔོན་དང་ ལས་བྱེདཔ་ཚུ་གིས་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་ལུ་བརྟེན་ ནདཔ་ཚབས་ཆེན་ཚུ་ དུས་ཚོད་ཁར་ སྨན་ཁང་ནང་ བསྐྱལ་ནི་ལུ་ ཕན་ཐོགས་སྦོམ་ཡོད་རུང་ རྒྱུན་སྐྱོང་འཐབ་མ་ཚུགས་པའི་ དཀའ་ངལ་དང་ གཞུང་ལས་ མ་དངུལ་ལངམ་སྦེ་ མ་གནང་མི་དེ་གིས་ གློ་བུར་གྱི་ གསོ་བའི་ཞབས་ཏོག་ མཁོ་སྤྲོད་འབད་ནི་ལུ་ ཐོ་ཕོགཔ་མས་ཟེར་ ཞལ་འཛོམས་ནང་བཤད་ནུག།

ནད་འཁོར་ཨེམ་བུ་ལེནསི་དེ་ རྫོང་ཁག་དང་ མཐའ་ཟུར་ས་གནས་ཚུ་ནང་ལས་ ནདཔ་ཚབས་ཆེན་ཚུ་ སྨན་ཁང་ཆེ་བའི་ནང་ བསྐྱལ་ནིའི་དོན་ལུ་ ཁག་ཆེ་བའི་ མཐུན་རྐྱེན་ཅིག་ཨིནམ་བཞིན་དུ་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྫོང་ཁག་སོ་སོ་ལས་ ཉིན་བསྟར་བཞིན་དུ་ ནདཔ་༢ དང་༣ དེ་རེ་ བསྐྱལཝ་ཨིན་མས།

ནད་འཁོར་ཚུ་གིས་ ན་ཧིང་ ནདཔ་༣,༢༦༨ དེ་ཅིག་ སྨན་ཁང་ཆེ་བ་ཚུ་ནང་ བསྐྱལ་ཡོདཔ་ཨིན་རུང་ ཉམས་མྱོང་ཐོབ་མི་ གསོ་བའི་ལས་བྱེདཔ་ཚུ་གིས་འབད་བ་ཅིན་ སྣུམ་འཁོར་ཚུ་ མེདཔ་ཐལ་བའི་སྐབས་ དུས་ཚོད་ཁར་ བཅོ་མ་ཚུགསཔ་ད་ ནདཔ་ཚུ་ལུ་ ཤི་རྐྱེན་འབྱུང་ནིའི་ ཉེན་ཁ་འདུག་ཟེར་ཨིན་མས།

ད་རེས་ནངས་པར་ རྒྱལ་ཁབ་ནང་འཁོད་ཀྱི་ སྨང་ཁང་ཚུ་ནང་ ནད་འཁོར་༡༡༨ ཡོད་མི་མང་ཤོས་ར་ ཊོ་ཡོ་ཊ་སྣུམ་འཁོར་ལས་སྡེ་གིས་ བཟོ་སྐྲུན་འབད་མི་དང་ ཇ་པཱན་གཞུང་གིས་ གྲོགས་རམ་བྱིན་མི་ཚུ་ཨིན་རུང་ དཀའ་ངལ་དེ་ གཙོ་བོ་ར་ སྣུམ་འཁོར་དེ་ཚུ་ མེདཔ་ཐལཝ་ད་ རྫོང་ཁག་ཚུ་ནང་ལས་ཕར་ སྣུམ་འཁོར་བཅོ་ཁང་མེད་མི་ལས་ བྱུངམ་མས་ཟེར་ཨིན་མས།

དེ་གི་ནང་དོན་ཉིན་ལས་ ནད་འཁོར་ཚུ་ ཇ་པཱན་ལས་ རིན་མེད་སྟོང་པར་སྦེ་ མཁོ་སྤྲོད་འབད་ཡོད་རུང་ མེདཔ་ཐལཝ་ད་ རྒྱལ་ཁབ་ནང་ ཡན་ལག་ཅ་ཆས་ མ་ཐོབ་པའི་ དཀའ་ངལ་དང་ ཐོབ་མི་ཚུ་ཡང་ རིན་གོང་སྦོམ་ གནས་མི་ལུ་བརྟེན་ མ་དངུལ་གྱི་ དཀའ་ངལ་བྱུངམ་ཨིན་མས།

མ་གཞི་ ཊོ་ཡོ་ཊ་སྣུམ་འཁོར་ཚུ་ ལོ་ངོ་༡༠ ཚུན་ཚོད་ རྒྱུན་སྐྱོང་རྒྱ་ཆེཝ་སྦེ་ འབད་མ་དགོཔ་ཨིན་རུང་ ང་བཅས་རའི་ འཁོར་ལམ་གྱི་ གནས་སྟངས་དང་ དེ་བཟུམ་མའི་ སྣུམ་འཁོར་བཏང་མི་ ཉམས་མྱོང་ཅན་གྱི་ དེད་གཡོགཔ་གངམ་མེདཔ་ལས་ མགྱོགས་པ་ར་ མེདཔ་འགྱོ་དོ་ཡོདཔ་མ་ཚད་ སྣུམ་འཁོར་མེདཔ་ཐལཝ་ད་ ཅ་ཆས་གསརཔ་བཙུགས་ནི་དང་ བཅོ་ནིའི་དོན་ལུ་ གཞུང་ལས་མ་དངུལ་དུས་ཚོད་ཁར་ མ་གནང་མི་དེ་གིས་ཡང་ ནདཔ་སྐྱེལ་ལེན་འབད་ནི་ལུ་ ཐོ་ཕོགཔ་ཨིན་མས།

ནདཔ་ཚུ་གི་སྲོག་དེ་ ནད་འཁོར་ཚུ་ལུ་ རག་ལས་དོ་ཡོདཔ་ལས་ སྣུམ་འཁོར་ཚུ་གི་ གནས་སྟངས་ལེགས་ཤོམ་བཞག་ནི་དེ་ ག་ནི་བ་གལ་ཆེ། འདི་གི་དོན་ལུ་ མ་དངུལ་ལངམ་སྦེ་ བཞག་དགོཔ་མ་ཚད་ ནད་འཁོར་རྙིངམ་ཐལ་མི་ཚུ་ བཀོལ་སྤྱོད་མ་འབད་བར་ བཞག་ནི་དང་ ཡང་ཅིན་ མི་མང་རིན་བསྡུར་ཐོག་བཙོང་དགོ།

ད་རུང་ མི་མང་ལུ་ ཞབས་ཏོག་ཕན་ནུས་ཅན་དང་ གང་མགྱོགས་སྦེ་ མཁོ་སྤྲོད་མ་འབད་ཚུགས་པའི་ དཀའ་ངལ་ཡོད་མི་དེ་ཡང་ ཐུག་རྐྱེན་བྱུང་མི་དང་ ནད་འཁོར་གྱི་ དེད་གཡོགཔ་ཚུ་གིས་ སྨྱོ་རྫས་དང་ ཆང་ལག་ལེན་འཐབ་མི་ལུ་བརྟེན་ཨིན་མས།

དེད་གཡོགཔ་ཚུ་ བདག་འཛིན་འཐབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ ནད་འཁོར་ཚུ་ལུ་ ཐུག་རྐྱེན་བྱུང་པ་ཅིན་ ཊོ་ཡོ་ཊ་ནད་འཁོར་རེ་ལུ་ དངུལ་ཀྲམ་ས་ཡ་༤.༣ དེ་ཅིག་ གཞུང་ལུ་ སྐུ་གྱོང་ཕོགཔ་མ་ཚད་ ཕྱིའི་རྒྱལ་ཁབ་ལས་ ཞལ་འདེབས་སྦེ་ བྱིན་མི་དེ་ཡང་ ཆུད་ཟོས་ལུ་ འགྱོཝ་ཨིན་མས།

ད་རེས་ ནད་འཁོར་དང་འབྲེལ་བའི་ དཀའ་ངལ་ཚབས་ཆེན་ཅིག་ལུ་ མ་འགྱུར་བའི་ཧེ་མ་ གསོ་བའི་ལྷན་ཁག་གིས་ ད་ལྟོ་ཡོད་མི་ སྣུམ་འཁོར་ཚུ་ རྒྱུན་སྐྱོང་འཐབ་ནི་དང་ དེ་གི་དོན་ལུ་ མ་དངུལ་བཞག་ནི་ དེ་ལས་ དེད་གཡོགཔ་ཚུ་ཡང་ སྨྱོ་རྫས་དང་ ཆང་འཐུང་ནི་ལས་ བཀག་འཛིན་དམ་སྒྲིང་ཐོག་ ཞབས་ཏོག་ཚུ་ ཕན་ནུས་ཅན་བཟོ་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *