ས་ཆ་ཨེ་ཀར་༥༠ དེ་ཅིག་ འཛིན་སྐྱོང་འབད་དེ་ ཉི་དྲོད་གློག་ཐག་གི་ ར་བ་རྐྱབ་སྟེ་ སོ་ནམ་པ་སྡེ་ཚན་ཅིག་ལུ་ རྩིས་སྤྲོད་ཡོད་རུང་ བཟའ་སྤྱོད་མེད་པར་ལུས་སོ་ནུག།

ཟད་འགྲོ་དངུལ་ཀྲམ་ས་ཡ་༣ བཏང་རུང་ ས་ཆ་བཟའ་སྤྱོད་མེད་པར་བཞག་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གླང་ཅན་ཕུག་རྒེད་འོག་ འཇམ་དཔའ་ནི་ལུ་ རྒེད་འོག་བདག་སྐྱོང་གིས་ མ་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཟད་འགྲོ་བཏང་ཐོག་ལས་ ས་ཆ་ཨེ་ཀར་༥༠ དེ་ཅིག་ འཛིན་སྐྱོང་འབད་དེ་ ཉི་དྲོད་སོ་ལར་གྱི་ ར་བ་རྐྱབ་སྟེ་ སོ་ནམ་པ་སྡེ་ཚན་ཅིག་ལུ་ རྩིས་སྤྲོད་ཡོད་རུང་ བཟའ་སྤྱོད་མེད་པར་ ལོ་༥ དེ་ཅིག་ ཡར་སོ་ནུག།
ད་རེས་ ས་ཆ་དེ་ནང་ ཧོན་སྡོང་ཚུ་སྐྱེས་ཏེ་ཡོདཔ་མ་ཚད་ ཉི་དྲོད་གློག་ཐག་གི་ ར་བ་བསྒོར་མི་ཚུ་ཡང་ མེདཔ་ཐལ་ཡོདཔ་ད་ ས་ཆ་དེ་ རྒེད་འོག་གནང་བྱིན་མ་དངུལ་ལས་ འཛིན་སྐྱོང་འཐབ་ཐོག་ལས་ ཕུན་ཚོགས་ཡུན་བརྟན་ནོར་བུ་གླིང་མཉམ་ལས་སྡེ་ཚན་ལུ་ སྤྲོད་ཡོདཔ་ཨིན་པས།
གླང་ཅན་ཕུག་གི་རྒཔོ་ གུ་མཱན་སིང་གེ་ལཱལ་གྱིས་ སླབ་མིའི་ནང་ སོ་ནམ་ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་དམིགས་ཏེ་ རྩིས་ལོ་༢༠༡༣-༡༤ དང་༢༠༡༤-༡༥ ལུ་ རྒེད་འོག་གནང་བྱིན་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༣ དེ་ཅིག་ ཟད་འགྲོ་བཏང་པའི་ཤུལ་ལུ་ ས་ཆ་འཛིན་སྐྱོང་འབད་དེ་ སོ་ནམ་པའི་ སྡེ་ཚན་ལུ་ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་ཆ་དེ་ སོ་ནམ་པ་སྡེ་ཚན་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལས་ སོན་དང་ ལྕངམ་ལ་སོགས་པ་ཚུ་ཡང་ བཀྲམ་སྤེལ་འབད་ཡོད་རུང་ སྡེ་ཚན་གྱིས་ ཟླཝ་དག་པ་ཅིག་ལས་བརྒལ་ ལཱ་འབད་མ་ཚུགས་མི་ལུ་བརྟེན་ གྲུབ་འབྲས་བཏོན་མ་ཚུགས་ཟེར་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ལ་ལོ་ཅིག་ ལམ་ཐག་རིང་ནི་དེ་གིས་ ལཱ་འབད་བར་ ལྷོད་མ་ཚུགས་པའི་ གདོང་ལེན་བྱུང་པའི་ཁར་ སྡེ་ཚན་ལུ་ འཛིན་སྐྱོང་གི་ ལམ་ལུགས་ཚུ་ཡང་ ལེགས་ཤོམ་མེདཔ་ལས་ འཐུས་མི་མང་ཤོས་ཅིག་ སྡེ་ཚན་ལས་ དགོངས་ཞུ་འབད་བའི་ཁར་ ལཱ་དེ་ཡང་ བཤོལ་བཞག་འབད་དགོཔ་ ཐོན་ཡི་ཟེར་ རྒཔོ་གུ་མཱན་སིང་གེ་ལཱལ་གྱིས་ བཤདཔ་ཨིན་པས།
ས་ཆ་དེ་ནང་ མ་དངུལ་འབོར་ཆེ་ཏོག་ཏོ་གནས་ཡོདཔ་ལས་ དེ་སྦེ་ར་ བཀོག་བཞགཔ་ད་ཡང་ མ་བཏུབ་པའི་ཁར་ འཇམ་དཔའ་ནིའི་ མི་སེར་ཚུ་གིས་ ལཱ་འབད་བ་ཅིན་ སྟབས་བདེ་ཏོག་ཏོ་ འོང་ནི་ཨིནམ་ལས་ ལཱ་འབད་དགོ་པའི་སྐོར་ འདས་པའི་ལོ་ནང་ སོ་ནམ་པ་ཚུ་དང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ཡང་ ཁ་བཟེད་མི་དང་བསྟུན་ ན་ཧིང་ལས་ ཁོང་གིས་ དོག་མ་དང་ ཨམ་ཅུ་ཀུ་ལི་ ལི་ཅི་ཤིང་ལ་སོགས་པ་ཚུ་ བཙུགས་ཡོདཔ་མ་ཚད་ ཞིང་ལཱ་གཞན་ཚུ་ཡང་ འབད་ཡོད་མི་ལུ་བརྟེན་ ད་ལས་ཕར་ ལེགས་ཤོམ་འགྱོ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཕུན་ཚོགས་ཡུན་བརྟན་ནོར་བུ་གླིང་མཉམ་ལས་སྡེ་ཚན་གྱི་དྲུང་འཛིན་ སྐྱེས་ལོ་༤༩ ལང་མི་ ལྷ་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ས་ཆ་དེ་ རྒེད་འོག་གནང་བྱིན་མ་དངུལ་ཐོག་ རྒྱབ་སྐྱོར་འབད་ནིའི་ ཐག་བཅད་ཡོད་རུང་ ཤུལ་ལས་ གནང་བྱིན་མ་དངུལ་དེ་ ལག་ལེན་འཐབ་མ་ཆོགཔ་སྦེ་ སླབ་ནི་དེ་གིས་ ཧེ་མའི་སྡེ་ཚན་གྱིས་ ཚར་༡ ལཱ་འབད་ཡོད་རུང་ མ་དངུལ་མེདཔ་ལས་ བར་སྐབས་ཅིག་ལས་ བཤོལ་བཞག་འབད་ཡི་ཟེར་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ ཤུལ་ལས་ འཇམ་དཔའ་ནིའི་ སོ་ནམ་པ་ཚུ་གིས་ མ་དངུལ་བསྡུ་ལེན་འབད་དེ་ དངུལ་ཀྲམ་༥༠༠,༠༠༠ དང་༦༠༠,༠༠༠ དེ་ཅིག་གི་ཐོག་ལས་ དོག་མ་ཤིང་༡༡,༠༠༠ ཨམ་ཅུ་ཀུ་ལི་དང་ ལི་ཅི་ཤིང་ལ་སོགས་པ་ཚུ་ བཙུགས་ཡོད་རུང་ རི་དྭགས་གླངམོ་ཆེ་གིས་ གནོདཔ་བཀལ་ནི་དེ་གིས་ བསྡུ་གསོག་འབད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མོ་བཏུབ་བཟུམ་ཅིག་སྦེ་ ཚོད་བསྲེའི་རིགས་ཚུ་ཡང་ འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ མ་འོངས་པར་ འོང་འབབ་ལེགས་ཤོམ་བཟོ་ཚུགས་པའི་ གོ་སྐབས་སྦོམ་ཡོད་རུང་ ཞིང་ཆུ་མེད་པའི་ དཀའ་ངལ་དང་ སོ་ལར་གྱི་ར་བ་ཡང་ མེདཔ་ཐལ་ནི་དེ་གིས་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་ གདོང་ལེན་འདུག་ཟེར་ཨིན་པས།
སྡེ་ཚན་གྱི་ འཐུས་མི་ཚུ་གིས་ མ་དངུལ་བསྡུ་ལེན་འབད་དེ་ ལཱ་ཚུ་འབད་རུང་ གྲུབ་འབྲས་འཐོན་ནི་ལུ་ གདོང་ལེན་འབྱུང་ནི་ཨིནམ་ལས་ ཉི་དྲོད་གློག་ཐག་གི་ ར་བ་ལ་སོགས་པའི་ མཐུན་རྐྱེན་ཚུ་ ཉམས་བཅོས་འབད་དེ་ ལེགས་ཤོམ་མ་འགྱོཝ་ཚུན་ གནས་སྐབས་ཅིག་ བཤོལ་བཞག་སྦེ་ བཞག་ཅི་ཟེར་ཨིན་པས།
ལྷ་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཞིང་ཆུའི་རྐ་ཡོད་རུང་ སྡེ་ཚན་ལུ་ མ་དངུལ་མེདཔ་ལས་ བཏོན་མ་ཚུགས་པའི་ཁར་ སྡེ་ཚན་གྱིས་ གློག་ཐག་ར་བའི་ རྐྱབ་སྐྱོར་འབད་དགོཔ་སྦེ་ རྒེད་འོག་བདག་སྐྱོང་དང་ འབྲེལ་ཡོད་ཡིག་ཚང་གཞན་ཚུ་ལུ་ སྙན་ཞུ་འབད་དེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་ལུ་ ས་ཆ་འཛིན་སྐྱོང་དང་ ཉི་དྲོད་གློག་ཐག་ར་བ་ཚུ་ ཉམས་བཅོས་འབད་ནི་ལུ་ རྒྱབ་སྐྱོར་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ས་ཆ་དེ་ གླ་ཁར་སྤྲོད་ཡོད་རུང་ ད་ལྟོ་ གླ་ཆའི་ཚད་གཞི་ཚུ་ ངེས་གཏན་མེདཔ་ལས་ ལཱ་འབད་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *