བསམ་གྲུབ་ལྗོངས་མཁར་ ཟངས་མདོག་དཔལ་རི་ལྷ་ཁང་།

ཟངས་མདོག་དཔལ་རིའི་རྩོད་བཤེར་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་གྱིས་ ཟངས་མདོག་དཔལ་རིའི་ ས་ཆ་དང་འབྲེལ་བའི་ རྩོད་དོན་ནང་ ཁྲོམ་སྡེ་གིས་ རྩོད་རྩ་འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་སྤྲོད་དགོ་པའི་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ ཁ་ཙ་ རྩོད་ཟླ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནིའི་དོན་ལས་ ཞུ་ཡིག་བཙུགས་ནུག།
སྤྱི་ཟླ་༦ པའི་ཚེས་༡༩ ལུ་ ཐོག་མའི་ཁྲིམས་འདུན་གྱིས་ ཟངས་མདོག་དཔལ་རི་དང་ དེ་ནང་ཡོད་པའི་ ནང་རྟེན་དང་ མཆོད་ཆས་ཀྱི་རིགས་ དེ་ལས་ ཉེ་འདབས་ལུ་ཡོད་པའི་ སྒྲིང་ཁྱིམ་༢ ཀྱི་དོན་ལུ་ རྩོད་ཟླ་ཁྲོམ་སྡེ་གིས་ རྩོད་རྩ་འཕྲིན་ལས་རྡོ་རྗེ་ལུ་ རྒུད་འཐུས་དངུལ་ཀྲམ་༢༧,༩༨༧,༨༤༢ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
མཐོ་གཏུགས་ཀྱི་ ཞུ་ཡིག་ནང་ ས་ཆ་ཨང་༡༡༧ ཅན་མ་དེ་ བདག་དབང་ངེས་ཏིག་ ག་ལུ་ཡོདཔ་ཨིན་ན་ གཏན་འཁེལ་བཟོ་ནིའི་དོན་ལུ་ ཐོག་མའི་ཁྲིམས་འདུན་ལུ་ ཞུ་བ་འབད་ཡོདཔ་བཞིན་དུ་ ཁྲིམས་འདུན་གྱིས་ ས་ཆའི་བདག་དབང་དེ་ ཁྲོམ་སྡེ་ལུ་ གནང་ཡི་ཟེར་བཀོད་ནུག།
ཁྲིམས་འདུན་གྱིས་ ཁྲོམ་སྡེ་ལུ་ བདག་དབང་གནང་མི་དེ་གིས་ ས་ཆ་དེ་ གཞུང་ས་ཨིན་པའི་ མངོན་གསལ་བྱུང་ཡོད་རུང་ དེ་ནང་བཞེངས་ཡོད་མི་ ཟངས་མདོག་དཔལ་རི་གིས་གཙོས་པའི་ ནང་རྟེན་དང་ ཉེ་འདབས་ཀྱི་ སྒྲིང་ཁྱིམ་༢ བཟོ་སྐྲུན་འབད་མི་ལུ་ རྒུད་འཐུས་སྤྲོད་དགོ་པའི་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།
དེ་བསྒང་ སྐྱིད་སྡུག་བློན་པོ་དང་ དམིགས་བསལ་བཀའ་འཛིན་ལྷན་ཚོགས་ཀྱི་ བཀའ་རྒྱའི་ནང་ སྤྱིར་སེམས་ཅན་དང་ མི་མང་ལུ་ ཕན་ཐབས་ལུ་དང་ ཚོགས་བསག་སྒྲིབ་སྦྱང་གི་དོན་ལས་ ཟངས་མདོག་དཔལ་རི་བཞེངས་དགོཔ་དང་ བཞེངས་ཚར་བའི་ཤུལ་ལས་ གཞུང་ལུ་ རྩིས་སྤྲོད་དགོཔ་སྦེ་ འཁོད་དེ་ཡོད་ནི་དེ་གིས་ཨིན་ཟེར་ མཐོ་གཏུགས་པའི་ ཞུ་ཡིག་ནང་བཀོད་ནུག།
དེ་བཟུམ་སྦེ་ གཞུང་ས་ཚུ་ སྒེར་མི་ཚུ་གིས་ རང་སོའི་མཐའ་དོན་ལུ་ དབང་ཚད་བཟུང་ཐོག་ལས་ བཟའ་སྤྱོད་འབད་མི་ཚུ་ལུ་ རྒུད་འཐུས་ཚུ་ཡང་ སྤྲོད་དགོ་པ་ཅིན་ ཧེ་མ་བྱུང་སྲོལ་མེད་པའི་ ལམ་ལུགས་དང་ ཁྲིམས་ལུགས་བཟུམ་ཅིག་ལུ་ འགྱུར་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ ཁྲོམ་སྡེའི་ཁྲིམས་དོན་འགོ་དཔོན་ ཚེ་རིང་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།
ཚེ་རིང་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཟངས་མདོག་དཔལ་རི་དེ་ ག་ཅི་སྦེ་ གཞུང་ལུ་ རྩིས་མ་སྤྲོདཔ་ཨིན་ན་དང་ ཟངས་མདོག་དཔལ་རི་དེ་ཡང་ མི་ཅིག་ལུ་མེན་པར་ མི་མང་གི་ ཕན་ཐབས་ལུ་དམིགས་ཏེ་ བཞེངས་ཡོདཔ་ལས་ རྩོད་རྩ་གིས་ རྒུད་འཐུས་ཀྱི་ ཐོབ་བརྗོད་ཚུ་ ག་ཅི་སྦེ་ བཀོདཔ་ཨིན་ན་ ཤེས་རྟོགས་མ་བྱུང་ཟེར་ཨིན་པས།
ཁྲིམས་དོན་འགོ་དཔོན་གྱིས་འབད་བ་ཅིན་ ཁྲོམ་སྡེ་དེ་ ས་ཆ་རྩིས་ལེན་ནི་མེན་པར་ ས་ཆའི་བདག་དབང་ གཏན་འཁེལ་བཟོ་ཐབས་ལུ་ཨིནམ་མ་ཚད་ ཁྲིམས་བསྟར་སྤྱོད་འབད་མི་ གཙུག་སྡེ་ཅིག་འབདཝ་ལས་ ཁྲིམས་ཀྱི་བྱ་སྒོའི་རིམ་པ་དང་འཁྲིལ་ འབད་ཡོདཔ་མ་གཏོགས་ ཁྲོམ་སྡེ་དེ་ རྒུད་འཐུས་སྤྲོད་མིའི་ དབང་འཛིན་ཡང་མེན་ཟེར་ཨིན་པས།
འཕྲིན་ལས་རྡོ་རྗེ་གིས་ ས་ཆ་དེ་ ཁོ་གི་ཨིནམ་སྦེ་ ཐོག་མའི་ཁྲིམས་འདུན་ནང་ ཞུ་ཡོདཔ་བཞིན་དུ་ ཁྲོམ་སྡེ་གིས་ ཁོ་གི་ཨིན་པའི་ སྒྲུབ་འབྱེད་ཕུལ་དགོཔ་སྦེ་ སླབ་པའི་སྐབས་ རྩོད་རྩའི་ཁ་ཐུག་ལས་ སྒྲུབ་འབྱེད་ག་ནི་ཡང་ ཕུལ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩོད་རྩ་གིས་ ས་ཆ་དེ་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ནང་ གཏའ་མར་བཙུགས་ཡོདཔ་མ་ཚད་ ས་ཆ་ཕིཌ་གྲུ་བཞི་༣,༤༠༠ འབད་མི་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ཅིག་སྦེ་ བཙོང་ཡོདཔ་ལས་ དེ་ཚུ་གི་ སྒྲུབ་འབྱེད་ཚུ་ ཁྲིམས་འདུན་ལུ་ ཕུལ་ཡོད་རུང་ འཁྲུན་ཆོད་ནང་ དེ་གི་སྐོར་ལས་ ག་ནི་ཡང་ བཀོད་དེ་མེདཔ་ལས་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབདཝ་ཨིན་ཟེར་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *