ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ བཀྲིས་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་གྱི་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ལས་ ཀེ་བ་ཕྱིར་ཚོང་འཐབ་མ་ཚུགས་པར་ བདུན་ཕྲག་ལྷགཔ་ཅིག་ སོང་ཡོདཔ་ལས་ ཚོང་འབྲེལ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཁོ་ལུ་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མིན་འདུག་ཟེར་སླབ་སྟེ་ ཀེ་བ་འབག་མི་ སྣུམ་འཁོར་ཊག་དེ་ བཀག་བཟུང་འབད་དེ་ ཉིནམ་༤ ལང་ཡི་ཟེར་ཨིནམ་ད་ ཆོག་ཐམ་དེ་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་ལས་ ཐོབ་དོ་ཡོད་རུང་ ཧེ་མ་འབད་བ་ཅིན་ རྒྱ་གར་ལུ་ ཆོག་ཐམ་ཚུ་ དགོཔ་མེད་ཟེར་ཨིན་པས།

དེ་བཟུམ་མའི་ གནད་དོན་ཚུ་ མ་ཐོན་པ་ཅིན་ ད་རེས་འབདཝ་ད་ ཀེ་བ་དོས་ཊག་༡༥ དང་༢༠ གི་བར་ན་ ཕྱིར་ཚོང་འཐབ་འཐབ་འོང་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཀེ་བ་དོས་ཊག་༤༠ ལྷགཔ་ཅིག་ ཕྱིར་ཚོང་འཐབ་ཡོདཔ་བཞིན་དུ་ ད་རུང་ ཊག་༣༠ ལྷགཔ་ཅིག་ཡོད་ཟེར་ བཀྲིས་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

བཀྲིས་བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་གིས་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥ དང་ བར་མ་ལུ་ དངུལ་ཀྲམ་༡༩ དེ་ལས་ ཆུང་ཀུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༤ རེ་སྦེ་ བྱིན་དོ་ཡོདཔ་བཞིན་དུ་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༢༥.༥ དང་༢༦ བར་མ་ལུ་ དངུལ་ཀྲམ་༡༩.༥ དང་༢༠ ཆུང་ཀུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༤.༥ དང་༡༥ དེ་རེ་སྦེ་ ཕྱིར་ཚོང་འཐབ་དོ་ཟེར་ཨིན་པས།

ཕྱིར་ཚོང་པ་དང་ རིན་བསྡུར་པ་གཞན་ཚུ་གིས་ སླབ་མིའི་ནང་ ཁག་ཆེ་བའི་ ཆོག་ཐམ་དང་ ཡིག་ཆ་ཚུ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ ཐོབ་དོ་ཡོད་རུང་ ཧེ་མ་བཟུམ་སྦེ་ ཡིག་ཆ་དེ་ཚུ་ལུ་ ངོས་འཛིན་མིན་འདུག་ཟེར་ཨིནམ་ད་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་བཟོ་བར་ རྒྱ་གར་ལུ་ ག་དེ་སྦེ་ འགྱོ་ནི་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ རྒྱ་གར་གུ་ཝ་ཧ་ཊི་ལུ་ཡོད་པའི་ འབྲུག་རྒྱལ་གཞུང་དོན་གཅོད་ཡིག་ཚང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཅི་ཟེར་ཨིན་རུང་ ཁོང་གིས་ གནད་དོན་དེ་ འབྲུག་གཞུང་ལས་མེན་པར་ རྒྱ་གཞུང་དང་གཅིག་ཁར་ཨིནམ་ལས་ བར་འཛུལ་འབད་ཐབས་མིན་འདུག་ཟེར་ སླབ་དེས་ཟེར་ཨིན་པས།

རིན་བསྡུར་ཁང་གི་ འཛིན་སྐྱོང་པ་ སོ་དེཕ་ཀོའི་ར་ལ་གིས་ སླབ་མིའི་ནང་ ད་ལས་ཕར་ རྒྱ་གར་ལས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་དགོཔ་ལས་ སྤྱི་ཟླ་༩ པའི་ཚེས་༡ དེ་ཅིག་ཁར་ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ རིན་བསྡུར་པ་ཚུ་ལུ་ ཀེ་བ་འབག་འོང་ནི་མེདཔ་སྦེ་ སླབ་པའི་ཤུལ་ལུ་ ཐོན་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ བཟའ་སྤྱོད་ལས་འཛིན་གྱིས་ ཀེ་བ་མེ་ཊིག་ཊཱོན་༩༥༢ ལྷགཔ་ཅིག་ ཕྱིར་ཚོང་འཐབ་ནུག།

ཁོ་གིས་འབད་བ་ཅིན་ རྒྱ་གཞུང་གིས་ ཆོག་ཐམ་མེད་རུང་ ཚོང་འབྲེལ་འཐབ་ཆོག་པའི་ ཆ་འཇོག་འབད་ཡོདཔ་མ་ཚད་ དེ་ནང་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་དགོ་པའི་སྐོར་ ག་ནི་ཡང་ བཀོད་དེ་མེད་རུང་ ཅ་དམ་འགོ་དཔོན་ཚུ་གིས་ ཀེ་བ་འབག་མི་ཊག་ཚུ་ བཀག་དོ་ཡོད་མི་ལུ་བརྟེན་ ཐབས་ལམ་ག་ཅི་ར་ འབདཝ་དྲག་ག་ མི་ཤེས་པས་ཟེར་ཨིན་པས།

སོ་དེཕ་ཀོའི་ར་ལ་གིས་ གནད་དོན་དེ་གིས་ ཚོང་འབྲེལ་ལུ་ ཐོ་སྦོམ་ཕོག་ཡོདཔ་མ་ཚད་ སོ་ནམ་པ་ཚུ་ལུ་ གནོད་ནི་ཨིནམ་ལས་ གཞུང་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བར་འཛུལ་འབད་ཐོག་ དཀའ་ངལ་བསལ་ཐབས་འབད་དགོཔ་དེ་ ཁག་ཆེ་བས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *