ཟ་ཁང་ཚུ་གིས་ སྔོ་ལྗང་ཟ་ཁང་ངོ་སྦྱོར་གྱི་དོན་ལུ་ དང་འདོད་བསྐྱེད་དོ་ཡོདཔ།

༉ ཟ་ཁང་༡༥ དེ་ཅིག་གིས་ སྔོ་ལྗང་ཟ་ཁང་ངོ་སྦྱོར་གྱི་དོན་ལུ་ དང་འདོད་བསྐྱེད་དོ་ཡོདཔ་ད་ དེ་གིས་ ངོ་སྦྱོར་འབད་མི་ ཟ་ཁང་ཚུ་ལུ་ ཕན་ཐོགས་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ངོ་སྦྱོར་དེ་ སྤྱི་ལོ་༢༠༡༨ ལས་ འབད་ནི་ཨིན་པས།
ཟ་ཁང་ངོ་སྦྱོར་འགོ་འདྲེན་པ་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ སྤྲོ་བ་ཡོད་མི་ ཟ་ཁང་ཚུ་ལུ་ སྔོ་ལྗང་ཟ་ཁང་གི་ ལམ་སྟོན་ཚུ་གི་ བརྡ་དོན་སྤྲོད་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི་ཟེར་ཨིནམ་ད་ ཟ་ཁང་༡༥ གིས་ དེ་གི་དོན་ལས་ སྤྲོ་བ་ཡོད་པའི་སྐོར་ལས་ རྒྱལ་ཡོངས་རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ འབྲུག་ལྟ་བཤལ་ཚོགས་སྡེ་ལུ་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
གོ་བརྡའི་ལས་རིམ་དེ་ ལྷན་ཚོགས་ཀྱིས་ ལྟ་བཤལ་ཚོགས་སྡེ་དང་ འབྲུག་གི་ཟ་ཁང་མཐུན་ཚོགས་ དེ་ལས་ འབྲུག་གི་ལྟ་བཤལ་ལག་ལེན་མཐུན་ཚོགས་དང་ འབྲུག་གི་ལམ་སྟོན་མཐུན་ཚོགས་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལམ་སྟོན་དེ་ རྒྱལ་སྤྱི་ཡུན་བརྟན་ལྟ་བཤལ་ཚོགས་སྡེ་ལས་ རྒྱལ་སྤྱི་མཁས་རིག་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ བཟོ་ཡོདཔ་བཞིན་དུ་ མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ ལྟ་བཤལ་ཚོགས་སྡེ་ དེ་ལས་ འབྲུག་གི་ཟ་ཁང་མཐུན་ཚོགས་དང་ འབྲུག་གི་ལམ་སྟོན་མཐུན་ཚོགས་ཚུ་ལས་ ནང་འཁོད་ཀྱི་ མཁས་རིག་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ལམ་སྟོན་དེ་ གཙོ་བོ་མེན་རུང་ ལྷན་ཚོགས་དང་ ལྟ་བཤལ་ཚོགས་སྡེ་གིས་ ལམ་སྟོན་དེ་གིས་ ཡུན་བརྟན་དང་ ཐད་ཀར་དུ་ ཕན་ཐོགས་ཡོདཔ་ལས་ ལག་ལེན་གྱི་དོན་ལུ་ ཁྱབ་སྤེལ་འབདཝ་མས་ཟེར་ཨིནམ་ད་ དེ་བཟུམ་མའི་ ལམ་སྟོན་བཟོ་མི་དེ་གིས་ ཕན་ཐོགས་སྦོམ་ཡོདཔ་བཞིན་དུ་ གོང་འཕེལ་ཆུང་བའི་ དམིགས་ཡུལ་༡༢ པ་ འགྲུབ་ཐབས་ཀྱི་ གོམ་པ་ཅིག་ཡང་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཡུན་བརྟན་གྱི་ ལྟ་བཤལ་གོང་འཕེལ་དེ་ ཡུན་བརྟན་གྱི་ཐོག་ལས་ རང་བཞིན་གྱི་ཐོན་སྐྱེད་ཚུ་ ལག་ལེན་འཐབ་ཚུགསཔ་ བཟོ་ནི་དེ་ཨིནམ་ད་ ལས་ཚན་ལེ་ཤ་ཅིག་ནང་ ལག་ལེན་འཐབ་མི་ རང་བཞིན་གྱི་ཐོན་སྐྱེད་ཚུ་ ལེ་ཤ་ཡོད་མི་ལས་ གཅིག་ ལྟ་བཤལ་ལས་སྡེ་དེ་ཨིནམ་ལས་ ཐོན་སྐྱེད་དེ་ཚུ་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་པ་ཅིན་ དེ་ཚུ་ ཉམས་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
སྔོ་ལྗང་ཟ་ཁང་གི་ ལམ་སྟོན་དེ་གིས་ རྒྱལ་ཁབ་ཀྱི་ ཟ་ཁང་ཚུ་གིས་ ཡུན་བརྟན་ལག་ལེན་དང་ འཛིན་སྐྱོང་འཐབ་ནི་ གོ་བརྡ་དང་ ཟ་ཁང་ནང་འཁོད་ལུ་ ཧ་གོ་ཚུགསཔ་བཟོ་ནི་ དེ་ལས་ ངོ་སྦྱོར་གྱི་དོན་ལུ་ སྤྲོ་བ་བསྐྱེད་བཅུག་ནི་ གོང་འཕེལ་དང་ ལྟ་བཤལ་ཚོགས་སྡེའི་ ལམ་ལུགས་དང་འཁྲིལ་ ཟ་ཁང་ཚུ་ལུ་ ཨིསི་ཊར་གྱི་ གནས་ཚད་བྱིན་ནི་ལ་སོགས་པ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
རང་བཞིན་མཐའ་འཁོར་གནས་སྟངས་ལྷན་ཚོགས་དང་ ལྟ་བཤལ་ཚོགས་སྡེ་གིས་ ངོ་སྦྱོར་དེ་ ག་དེ་སྦེ་ འབདཝ་ཨིན་ན་ སྟོན་ནིའི་དོན་ལུ་ རྒྱལ་སྤྱིའི་ཁྱད་རིག་ཚུ་ འབོ་ཡོདཔ་ད་ དེ་དང་འཁྲིལ་ ལྷན་ཚོགས་དང་ ཚོགས་སྡེ་ལ་སོགས་པའི་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ཡང་ འབད་ནི་ཨིནམ་བཞིན་དུ་ ངོ་སྦྱོར་དེ་ ཟ་ཁང་དག་པ་ཅིག་ལུ་མ་གཏོགས་མེད་རུང་ ལོ་༥ འི་ནང་ ཟ་ཁང་ག་དེ་མང་མང་ལུ་ ཁྱབ་ཚུགསཔ་འབད་ནི་ཨིན་པས།
ཐིམ་ཕུག་ཊ་ཝར་ཟ་ཁང་གི་ཇོ་བདག་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ ལམ་སྟོན་དེ་གིས་ ཟ་ཁང་ཚུ་གིས་ གློག་མེ་ལག་ལེན་དང་ ཕྱགས་སྙིགས་མར་ཕབ་འབད་ནི་རྐྱངམ་གཅིག་ལུ་མེན་པར་ རང་བཞིན་གནས་སྟངས་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
རི་བར་སའིཌ་ཟ་ཁང་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ལམ་སྟོན་དེ་གིས་ ཕྱགས་སྙིགས་མར་ཕབ་འབད་ནི་ལ་སོགས་པ་ཚུ་ལུ་ ཕན་ཐོགས་ཡོདཔ་ལས་ ངོ་སྦྱོར་འབད་ནི་ལུ་ སྤྲོ་བ་ཡོད་ཟེར་ཨིནམ་ད་ ཟ་ཁང་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་ ལེགས་ཤོམ་འབད་དོ་ཡོད་རུང་ ཁྱིམ་ཚུ་ལས་ལྷག་སྟེ་ ཟ་ཁང་ཚུ་ནང་ ཕྱགས་སྙིགས་ལེ་ཤ་ ཐོན་དོ་ཡོད་མི་ལུ་བརྟེན་ དེ་གིས་ རྒྱལ་ཁབ་ཀྱི་ རང་བཞིན་གནས་སྟངས་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
ཀརྨ་ཚེ་རིང་གིས་ སླབ་མིའ་ི་ནང་ ལམ་སྟོན་དེ་གིས་ འཐུང་ཆུ་འཛིན་སྐྱོང་འབད་ནི་ལུ་ཡང་ ཕན་ཐོགས་འོང་ཟེར་ཨིནམ་ད་ ཟ་ཁང་ཚུ་གིས་ སྔོ་ལྗང་ཟ་ཁང་གི་ ལམ་སྟོན་ལུ་ གནས་ཚུགས་པ་ཅིན་ རྒྱལ་ཁབ་ནང་ ལྟ་བཤལ་ལེ་ཤ་ འཁྱིད་འོང་ནི་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་སྡེ་ག་རའི་ནང་ སྔོ་ལྗང་གོང་འཕེལ་བཏང་མི་དེ་གིས་ རྒྱལ་ཁབ་ལུ་ ཕན་ཐོགས་ཡོད་མི་དེ་ཡང་ དེ་གིས་ སྤུས་ཚད་ལྡན་པའི་ ཐོན་སྐྱེད་འབད་ནི་ གློག་མེ་མར་ཕབ་དང་ ལང་ཚུགསཔ་བཟོ་ནི་ དེ་ལས་ ཕྱགས་སྙིགས་མར་ཕབ་འབད་ནི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *