ཅ་ཆས་མ་ཚང་པར་ལུས་མི་ ཞོ་བཟོ་ནིའི་འཕྲུལ་ཆས།

ཞོ་གི་ ཚོང་སྒྱུར་གོ་སྐབས་ཡོད་རུང་ འཕྲུལ་ཆས་མ་ཚང་མི་ལུ་བརྟེན་ ལཱ་འགོ་བཙུགས་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ལུ་ ཞོ་གི་ཚོང་སྒྱུར་གོ་སྐབས་ཡོད་རུང་ ཞོ་བཟོ་ནིའི་ འཕྲུལ་ཆས་དག་པ་ཅིག་ མ་ཚང་མི་ལུ་བརྟེན་ ལཱ་འགོ་བཙུགས་མ་ཚུགསཔ་ལས་ གླང་ཅན་ཕུུག་རྒེད་འོག་གི་ ཨོམ་ཚོང་འབྲེལ་སྡེ་ཚན་གྱི་ འཐུས་མི་ཚུ་ སེམས་དང་ལྡན་པར་འདུག།
གླང་ཅན་ཕུག་ཨོམ་ཚོང་འབྲེལ་སྡེ་ཚན་གྱི་ཁྲི་འཛིན་ ག་ནིཤ་སིང་གམ་ཁར་ཀ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞོ་བཟོ་ནིའི་ ཅ་ཆས་ཚུ་གི་ རྒྱབ་སྐྱོར་དགོཔ་སྦེ་ རྒེད་འོག་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ འདས་པའི་ལོ་ནང་ འཕྲུལ་ཆས་དག་པ་ཅིག་ བྱིན་ཡོདཔ་མ་ཚད་ ཀར་ལིབ་ལས་འགུལ་གྱིས་ ཁྱིམ་ཅིག་ཡང་ བཟོ་སྐྲུན་འབད་བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཇོ་མོ་གཙང་ཁ་དྲུང་ཁག་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་གྱི་ ཉེ་འདབས་ལུ་ཨིནམ་བཞིན་དུ་ དེ་ཁའི་མི་ཚུ་གིས་ གནམ་ལོ་གསར་ཚེས་སྐབས་ ཟླཝ་ལས་བཅད་དེ་ མཛར་ཅུམ་བཟའ་དོ་ཡོདཔ་ལས་ ཞོའི་རིགས་ཚུ་ འཚོལ་དོ་ཡོད་མི་ལུ་བརྟེན་ ཚོང་འབྲེལ་གྱི་ གོ་སྐབས་སྦོམ་ཡོད་ཟེར་ཨིན་པས།
ཨིན་རུང་ འཕྲུལ་ཆས་དག་པ་ཅིག་ མ་ཚང་ནི་དེ་གིས་ ཞི་བཟོ་ནིའི་ལཱ་དེ་ ད་ལྟོ་ཡང་ འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ལས་ རྒེད་འོག་བདག་སྐྱོང་ལུ་ ལོག་ཅི་ར་ སྙན་ཞུ་འབད་ནི་དེ་གིས་ རྒེད་འོག་གིས་འབད་རུང་ ཐབས་ལམ་ཚུ་ འཚོལ་དོ་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
ཁྲི་འཛིན་གྱིས་ སླབ་མིའི་ནང་ འཐུས་མི་ཚུ་དང་ ལས་བྱེདཔ་༢ ལུ་ ཞོ་བཟོ་ནིའི་ སྦྱོང་བརྡར་ཐོབ་ཡོདཔ་བཞིན་དུ་ ལཱ་དེ་ཚུ་ ད་ལྟོ་ཡང་ འགོ་བཙུགས་མ་ཚུགསཔ་ལས་ ལས་བྱེདཔ་༢ ཀྱིས་ ལཱ་གཡོག་གཞན་འཚོལ་ཏེ་ འགྱོ་ནི་སྦེ་ སླབ་དོ་ཡོདཔ་ལས་ རྒེད་འོག་གིས་ འཕྲུལ་ཆས་མ་ཚང་མི་ཚུ་ འཕྲལ་མགྱོགས་ར་ གནང་ཐབས་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོའི་གནས་སྟངས་ནང་ སྡེ་ཚན་གྱིས་ ཨོམ་དེ་ར་ ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༣༠༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ འོང་འབབ་དེ་ལས་ལྷག་སྟེ་ བཟོ་ཚུགས་པའི་ གོ་སྐབས་ཡོད་རུང་ ཨོམ་མེདཔ་མ་ཐལ་བར་བཞག་ནིའི་ ཅི་ལར་འཕྲུལ་ཆས་དེ་ཡང་ གློག་ཤུགས་མེད་མི་ལུ་བརྟེན་ ཕྱི་རུ་བཞོ་མི་ཨོམ་དེ་ཚུ་ བསྡུ་ལེན་འབད་མི་ཚུགས་པས་ཟེར་ ཨིན་པས།
སྤྱི་ལོ་༢༠༡༥ ལས་འགོ་བཙུགས་མི་ གླང་ཅན་ཕུག་ཨོམ་ཚོང་འབྲེལ་སྡེ་ཚན་ནང་ ད་རེས་ འཐུས་མི་༩༡ དེ་ཅིག་ ཡོདཔ་བཞིན་དུ་ ཉིན་བསྟར་བཞིན་དུ་ ཨོམ་བཀྲམ་སྤེལ་འབད་མི་ འཐུས་མི་༥༦ དེ་ཅིག་ ཡོདཔ་ཨིན་པས།
གླང་ཅན་ཕུག་རྒཔོ་ གུ་མཱན་སིང་གེ་ལཱལ་གྱིས་ སླབ་མིའི་ནང་ རྩིས་ལོ་༢༠༡༨-༡༩ འི་ནང་ རྫོང་ཁག་གོང་འཕེལ་གནང་བྱིན་མ་དངུལ་ཐོག་ མཁོ་སྒྲུབ་འབད་མི་ དྲོད་ལྡན་སྒྲོམ་ཨིན་ཀིའུ་བེ་ཊར་འཕྲུལ་ཆས་ཚུ་ འདས་པའི་ལོ་ནང་ རྒེད་འོག་གིས་ སྡེ་ཚན་ལུ་ རྩིས་སྤྲོད་འབད་ཡི་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ མཁོ་སྒྲུབ་འབད་དགོཔ་དེ་ར་ པེསི་ཅར་རའི་ཟིང་འཕྲུལ་ཆས་དེ་ཨིནམ་ད་ འཕྲུལ་ཆས་དེ་དང་ ཅ་ཆས་གཞན་ཚུ་གི་དོན་ལུ་ དངུལ་ཀྲམ་༧༠༠,༠༠༠ དེ་ཅིག་ གནས་ནི་ཨིནམ་བཞིན་དུ་ ད་ལྟོ་ རྒེད་འོག་བདག་སྐྱོང་ལུ་ མ་དངུལ་མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་སྦེ་ར་ ལག་ལེན་མ་འཐབ་པར་བཞག་པ་ཅིན་ འཕྲུལ་ཆས་གཞན་ཚུ་ཡང་ མེདཔ་ཐལ་ནིའི་ཉེན་ཁ་ཡོདཔ་ལས་ རྫོང་ཁག་ལས་ གནང་བ་ལེན་ཐོག་ དོག་མ་པགས་ཀོའི་ ཕོརཔ་ཐ་ལི་བཟོ་སྐྲུན་གྱི་དོན་ལུ་ རྫོང་ཁག་གོང་འཕེལ་མ་དངུལ་ལས་ དངུལ་ཀྲམ་ས་ཡ་༡.༥ ཆ་འཇོག་འབད་མི་ལས་ དངུལ་ཀྲམ་༧༠༠,༠༠༠ ལག་ལེན་འཐབ་སྟེ་ འཕྲུལ་ཆས་དེ་ཚུ་ མཁོ་སྒྲུབ་འབད་ནི་ཨིནམ་ལས་ ཞོ་བཟོ་ནིའི་ལཱ་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ འགོ་བཙུགས་ཚུགསཔ་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *