ཕུར་པ་རྒྱལ་མཚན།

ཞུན་དགཔ་ཅིག་གིས་ བཀྲིས་གཡང་རྩེ་ལས་ ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་ནི།

༉ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ རྒྱང་མཐོང་ཊི་བི་གི་ ཞུན་དགཔ་བགྲེསཔ་ ཕུར་པ་རྒྱལ་མཚན་གྱིས་ སྤྱི་ལོ་༢༠༡༨ ལུ་ བཀྲིས་གཡང་རྩེ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་ཨིན་པས།
སྐྱེས་ལོ་༣༩ ལང་མི་ འདེམས་ངོ་དེ་ རམ་འཇར་རྒེད་འོག་ གོ་ཆ་ལས་ཨིནམ་ད་ ཁོ་གིས་ འདེམས་ངོ་སྦེ་ མ་ཐོན་པའི་ཧེ་མར་ རྒྱང་མཐོང་ཊི་བི་གི་ ཞུན་དག་པ་སྦེ་ ལོ་༡༣ དེ་ཅིག་ ལཱ་འབད་ཡོདཔ་ད་ ཁོ་ལུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ རྫོང་ཁ་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
ཕུར་པ་རྒྱལ་མཚན་གྱིས་ དམིགས་བསལ་དུ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ བཅའ་མར་གཏོགས་དགོ་མི་དེ་ཡང་ གཙོ་བོ་ར་ ཚོགས་སྡེ་དེ་ སྲིད་དང་འབྲེལ་བ་མེད་པའི་ ཐ་དད་ཚོགས་ཁང་ཅིག་འབད་མི་ལུ་བརྟེན་ཨིན་པས།
གལ་སྲིད་ སྲིད་ནང་འབྲེལ་གཏོགས་འབདཝ་ད་ སྲིད་བྱུས་སྣ་ཚོགས་ཡོདཔ་ལས་ འཆམ་མཐུནམ་དང་གཅིག་ཁར་ཡང་ སྟབས་མ་བདེཝ་འབྱུང་ནི་གི་ ཉེན་ཁ་ཡོདཔ་ལས་ ད་ལྟོ་ ཉམས་མྱོང་འགོ་བཙུགསཔ་ད་ར་ ཚོགས་སྡེ་ནང་ འཛུལ་ཞུགས་འབད་བ་ཅིན་ མི་སེར་གྱི་ གནས་སྟངས་དང་ དཀའ་ངལ་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི་ལུ་ གོ་སྐབས་ཡོད་ནི་དེ་གིས་ཨིན་པས།
ཕུར་པ་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒྱང་བསྒྲགས་ནང་ ལཱ་འབད་སྡོད་པའི་ནམ་དུས་ལུ་ ལས་རིམ་དང་ གནས་ཚུལ་ཞུན་དག་འབདཝ་ད་ སྲིད་བྱུས་དང་ བཅའ་ཁྲིམས་ཀྱི་སྐོར་ལས་ ཆ་ཚང་སྦེ་ མ་ཤེས་རུང་ མི་གཞན་དང་ཕྱདཔ་ད་ དུམ་གྲ་རེ་ ཧ་གོ་སྟེ་ཡོད་མི་དེ་གིས་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་ལུ་ ལྷན་ཐབས་འབྱུང་མི་ཚུགས་ག་ཟེར་བའི་ མནོ་བསམ་བཏང་སྟེ་ཐག་བཅད་ཅི་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱང་བསྒྲགས་ལས་འཛིན་ནང་སྡོད་དེ་ མི་སེར་ལུ་ ཕྱག་ཞུ་མི་དང་ ཐད་ཀར་དུ་ མི་སེར་ཚུ་གི་ འཐུས་མི་འབད་ཐོག་ལས་ ཞབས་ཏོག་ཞུ་ནི་ལུ་ ཁྱད་པར་སྦོམ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱང་བསྒྲགས་ལས་འཛིན་ནང་ ལཱ་འབད་བའི་སྐབས་ མི་སྡེའི་ཐད་ཀར་གྱི་ སྐྱིད་སྡུག་ཚུ་ ཤེས་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཨིན་རུང་ འཐུས་མི་འབད་བ་ཅིན་ རྒྱལ་ཡོངས་ལུ་ ཕན་པའི་བཅའ་ཁྲིམས་ བརྩམ་ནི་དང་ དམིགས་བསལ་དུ་ བཀྲིས་གཡང་རྩེ་རྫོང་ཁག་གི་ མི་སེར་ལུ་ཕན་པའི་ལཱ་ཚུ་ཡང་ ལོགས་སུ་སྦེ་ འབད་ཚུགས་ནིའི་ གོ་སྐབས་ལེ་ཤ་ཡོད་མི་ལུ་བརྟེན་ ཚོགས་སྡེ་ནང་ བཅའ་མར་གཏོགས་དོ་ཟེར་ཨིན་པས།
ཁོ་ར་ འདེམས་ངོ་སྦེ་ ཐོན་པའི་སྐབས་ རྫོང་ཁག་དང་ མི་སེར་ཚུ་ལས་ རྒྱབ་སྐྱོར་ཚུ་ ག་དེ་སྦེ་ཡོད་གའི་སྐོར་ལས་ མནོ་བསམ་ག་ནི་ཡང་ མ་བཏང་རུང་ ང་གིས་ མི་སེར་ལུ་ ཕྱག་ཞུ་ཚུགས་པའི་ ཡོན་ཏན་དང་ ཉམས་མྱོང་ཡོདཔ་ལས་ མི་སེར་ཚུ་གིས་འབད་རུང་ མནོ་བསམ་གཅིག་བཏང་སྟེ་ རྒྱབ་སྐྱོར་འཐོབ་ཚུགསཔ་འོང་ཟེར་མནོ་སྟེ་ འདེམས་ངོ་སྦེ་ འཛུལ་ནི་ལུ་ ཐག་བཅད་ཅི་ཟེར་ ཁོ་གིས་ སླབ་ཨིན་པས།
འདེམས་ངོ་དེ་གིས་ ཤུལ་མའི་བདུན་ཕྲག་ནང་ རྫོང་ཁག་ནང་ གོམས་འདྲིས་ལྟ་སྐོར་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ཕུར་པ་རྒྱལ་མཚན་གྱིས་ ད་ཚུན་ བཀྲིས་གཡང་རྩེ་རྫོང་ཁག་ འདེམས་ངོ་༨ ཐོན་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་ནི་ཨིན་པས།
ཕུར་པ་རྒྱལ་མཚན་གྱིས་ སླབ་མིའི་ནང་ གལ་སྲིད་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ བསྐྱར་ཞིབ་ཀྱི་ ཚོགས་ཁང་ཅིག་འབདཝ་ལས་ གོང་འཕེལ་གྱི་ཐད་ཁར་ བཅའ་ཁྲིམས་དང་ བཅའ་ཡིག་ དེ་ལས་ སྒྲིག་གཞི་ག་ཅི་ར་ཨིན་རུང་ བརྩམ་ནི་དང་ བསྐྱར་ཞིབ་འབད་ནི་མ་གཏོགས་ ཐད་ཀར་དུ་ རྒེད་འོག་དང་ རྫོང་ཁག་ནང་ གོང་འཕེལ་གྱི་ལཱ་ནང་ གྲལ་གཏོགས་མེདཔ་ལས་ ལཱ་ཚུ་གོང་འཕེལ་གཏང་ནི་ཨིན་ཟེར་བའི་ ཁས་ལེན་འབད་མི་ཚུགས་ནི་མས་ཟེར་ཨིན་པས།
གོང་འཕེལ་གྱི་ལཱ་ཚུ་ མི་སེར་ལུ་ ཐད་ཀར་དུ་ འབད་མ་ཚུགས་རུང་ འདེམས་ངོ་གི་ དཔེ་བཟུམ་ཅིག་སྦེ་ སླབ་མིའི་ནང་ གཞུང་གཅིག་གིས་ ལམ་བཏོན་ནི་ལུ་ ཁས་བླངས་འབད་དེ་ བཏོན་མ་ཚུགས་པ་ཅིན་ ལམ་དེ་ ག་ཅི་སྦེ་ སེལ་མ་ཚུགསཔ་ཨིན་ན་སླབ་ནིའི་དབང་ཚད་མེད་རུང་ ཚོགས་སྡེའི་ དྲི་བཀོད་ལས་རིམ་སྐབས་ གཞུང་ལུ་ དྲི་བཀོད་ཐོག་ལས་ ཁྲིམས་བསྐྱར་ཞིབ་འབད་ནི་ལུ་ ཤུགས་བཏོན་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཞི་བདེ་དང་ དགའ་སྐྱིད་ལེགས་ཤོམ་ འབྱུང་དགོ་པ་ཅིན་ གཞི་རྩ་ངོ་མ་ར་ ཁྲིམས་དེ་ཨིནམ་ལས་ ཁྲིམས་ཚུ་ཡང་ མ་བརྩམ་པའི་ཧེ་མ་ ཁྲིམས་དེ་གི་ ཕན་གནོད་སྐོར་ལས་ མི་སེར་ཚུ་དང་གཅིག་ཁར་ གྲོས་བསྟུན་དང་ བསམ་འཆར་ཚུ་ བསྟུན་གྲོས་སྦུག་ལུ་བཙུགས་ཏེ་ མི་སེར་ཚུ་ལུ་ ཁྲིམས་ཀྱིས་ བརྡབ་གསིག་རྐྱབ་ནི་མེན་པར་ དེ་གིས་ ཞི་བདེ་བཟོ་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *