བློན་ཆེན་ ཚེ་རིང་སྟོབས་རྒྱས།

ཞིབ་དཔྱད་མཇུག་མ་བསྡུ་ཚུན་ གློག་བརྙན་དྲག་ཤོས་ཀྱི་ གསོལ་རས་མ་ བྱིན་པར་བཞག་ནི།

༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་གློག་བརྙན་ཚོགས་པའི་ གློག་བརྙན་དྲག་ཤོས་ཀྱི་ གསོལ་རས་ཚུ་ ངན་ལྷད་བཀད་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ ཞིབ་དཔྱད་འབད་མ་ཚར་ཚུན་ གསོལ་རས་བྱིན་མི་ཚུགས་ཟེར་གསུངས་ཡི།
དེ་ཡང་ ཁ་ཙ་ ཟླ་རིམ་གྱི་ བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ བློན་ཆེན་གྱི་ གསོལ་རས་དངུལ་ཀྲམ་ས་ཡ་༣ དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕར་ཕུད་རྐྱབ་བཞག་དགོ་པའི་ གྲོས་འདེབས་བཀོད་མི་དང་འཁྲིལ་ ད་ལྟོ་ འཛིན་གྲོལ་མ་འབད་བར་ཡོད་ཟེར་ཨིན་པས།
འབྲུག་གློག་བརྙན་ཚོགས་པ་གིས་ བློན་ཆེན་གྱི་ གསོལ་རས་ཟེར་བཞག་མི་དེ་ གློག་བརྙན་ཚུ་ རྒྱལ་སྤྱིའི་ནང་ དོ་འགྲན་འབད་བའི་སྐབས་ རྒྱལ་ཁ་འཐོབ་ཚུགས་པའི་ ཕན་ཐོགས་ཡོད་ནི་དེ་གིས་ཨིན་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་དོ་ཡོདཔ་ལས་ ཞིབ་དཔྱད་འབད་མ་ཚུར་ཚུན་ཚོད་ གསོལ་རས་དེ་ བྱིན་མི་ཆོག་ཟེར་ ཐུགས་བཞེད་གནང་པ་ཅིན་ གཞུང་གི་ཁ་ཐུག་ལས་ ལྷན་ཚོགས་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
བློན་ཆེན་གྱི་གསོལ་རས་ དངུལ་ཀྲམ་ས་ཡ་རེ་ཐོབ་མི་ གློག་བརྙན་༣ སྤྱི་ཟླ་༢ པའི་ཚེས་༢༣ ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་བརྩི་སྲུང་སྐབས་ གསལ་བསྒྲགས་འབད་ཡོདཔ་ད་ གློག་བརྙན་དྲག་ཤོས་དེ་ཡང་ ངེའི་རྩ་བའི་བླ་མ་དང་ ཧིང་གཏམ་བང་མཛོད་ ད་རིས་ནངས་པ་ཟེར་མི་ གློག་བརྙན་ཚུ་ཨིན་པས།
གློག་བརྙན་དུས་སྟོན་འགོ་འདྲེན་མ་འཐབ་པའི་ བདུན་ཕྲག་༡ གི་ཧེ་མ་ སྤྱི་ཟླ་༢ པའི་ཚེས་༡༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་བཏང་མི་ ཡི་གུ་དེ་ནང་ སྤྱི་ཟླ་༢ པའི་ཚེས་༢༣ ལུ་ གློག་བརྙན་དུས་སྟོན་ཐེངས་༡༧ པ་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོདཔ་ལས་ བློན་ཆེན་གྱི་ གསོལ་རས་དེ་ ཕར་ཕུད་རྐྱབ་བཞག་དགོ་པའི་ གྲོས་འདེབས་བཀོད་ནུག།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་ཐེངས་༡༦ པ་དང་འབྲེལ་བའི་ ཁ་ཉེས་ཚུ་ལུ་ ཞིབ་དཔྱད་འབད་བའི་སྐབས་ གསོལ་རས་བྱིན་ནིའི་ནང་ གཡོ་སྒྱུ་དང་ ཉེས་ལས་འཐབ་པའི་ མངོན་གསལ་མ་བྱུང་རུང་ བློན་ཆེན་གྱི་ གསོལ་རས་ཀྱི་དོན་ལུ་ གློག་བརྙན་དྲག་ཤོས་གསུམ་ གདམ་ཁ་རྐྱབ་ཐངས་ཀྱི་ བྱ་བའི་གནད་སྤྱོད་ནང་ ནོར་སྐྱོན་དང་ དྭངས་གསལ་མེད་མི་ལུ་བརྟེན་ བདེན་མེད་ཀྱི་ རྩོད་རྙོགས་བཟོ་ཡོད་པའི་ གྲུབ་འབྲས་བྱུང་ཡི་ཟེར་ ཡི་གུ་ནང་བཀོད་ནུག།
ལམ་ལུགས་རྩ་བརྟན་དང་ དྭངས་གསལ་བཟོ་ནི་དང་ དེ་ལས་ འགན་འཁྲི་བཀལ་ནིའི་ ལམ་ལུགས་ཡར་དྲག་གཏང་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ ཞི་བའི་མི་སྡེ་ལས་ཚོགས་དབང་འཛིན་གྱི་ བཀོད་ཚོགས་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་ཡོད་རུང་ ད་ལྟོའི་བར་ན་ཡང་ དང་ལེན་འབད་ཡོད་པའི་ སྙན་ཞུ་མ་ལྷོད་པར་ཟེར་ བཀོད་ཡོདཔ་ད་ གལ་སྲིད་ བློན་ཆེན་གྱི་ གསོལ་རས་དེ་ འཕྲོ་མཐུད་དེ་ར་ བྱིན་པ་ཅིན་ མིག་དཔེ་ངན་པ་བཏོན་ནི་ཨིནམ་ལས་ བློན་ཆེན་གྱི་གསོལ་རས་ ད་ལྟོ་བྱིན་མ་གནང་ཟེར་ ཡི་གུ་ནང་ གསལ་བཀོད་འབད་ནུག།
བློན་ཆེན་གྱིས་འབད་བ་ཅིན་ མི་ཚུ་གིས་ ཁོང་རའི་ཁྱིམ་ནང་ འབྲུག་པའི་གློག་བརྙན་བལྟ་ནིའི་ གོ་སྐབས་མ་འཐོབ་པའི་ཁར་ གློག་བརྙན་ཁང་ཚུ་ནང་ བལྟ་མ་ཚུགས་མི་དེ་ སྲབ་འཁོར་ཌི་བི་ཌི་འཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཨིན་པའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།
འབྲུག་པའི་གློག་བརྙན་བཟོ་མི་ཚུ་གིས་ གློག་བརྙན་ཚུ་ ལོ་༡ དེ་ཅིག་གི་རིང་ རྒྱལ་ཁབ་ཀྱི་ས་གནས་ཐདམ་ཐད་ཁར་ སྟོན་ཚར་བའི་ཤུལ་ལུ་ གློག་བརྙན་གསརཔ་ལུ་བརྟེན་ རྙིངམ་དེ་ག་ལུ་ཡང་ མ་སྟོན་པར་ བསྡམ་བཞག་དོ་ཡོདཔ་ལས་ རྒུད་སྦོམ་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མི་ཚུ་གིས་ གློག་བརྙན་ཚུ་ བལྟ་དགོ་མནོ་རུང་ སྲབ་འཁོར་ནང་ བཏོན་ནི་མེདཔ་མ་ཚད་ གློག་བརྙན་བཟོ་མི་ཚུ་ལུ་ མ་དངུལ་ལོག་འཐོབ་ནི་མེད་མི་ལུ་བརྟེན་ བལྟ་མི་ཚུ་ལུ་ཡང་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
ལོ་དག་པ་ཅིག་གི་ཧེ་མ་ འབྲུག་གློག་བརྙན་ཚོགས་པ་དང་གཅིག་ཁར་ གྲོས་བསྟུན་འབད་བའི་སྐབས་ གློག་བརྙན་དྲག་ཤོས་༣ ངོས་འཛིན་འབད་དེ་ གསོལ་རས་དངུལ་ཀྲམ་༥༠༠,༠༠༠ དང་༦༠༠,༠༠༠ དེ་ཅིག་ བྱིན་ཞིནམ་ལས་ རྒྱལ་ཁབ་ཀྱི་ ས་གནས་ག་རའི་ནང་ སྟོན་བཅུག་ཟེར་སླབ་ད་ དངུལ་ཀྲམ་ས་ཡ་༡ དགོཔ་སྦེ་ སླབ་དེས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ དངུལ་ཀྲམ་ས་ཡ་༡ བྱིན་མི་དེ་ གསོལ་རས་སྦེ་མེན་པར་ ལོ་༡ དེ་ཅིག་གི་ཤུལ་ལས་ གློག་བརྙན་དྲག་ཤོས་ཐོན་མི་དེ་ཚུ་ ཌི་བི་ཌིའི་ནང་ བཏོན་ཐབས་ལུ་ཨིནམ་ལས་ དེ་གིས་ རང་སོའི་ཁྱིམ་ནང་ གློག་བརྙན་ཚུ་ བལྟ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ ཌི་བི་ཌི་དེ་ བཏོན་ཚུགས་པ་ཅིན་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་དང་ སི་ཀིམ་ དེ་ལས་ རྒྱལ་ཁབ་གཞན་གྱི་ མགྱོནམ་ཚུ་ལུ་ཁྱོསམ་སྦེ་ བྱིན་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་གཞན་ཁར་ འབྲུག་མི་དང་ དཔེ་ཆ་བལྟ་མི་ འབྲུག་པའི་སློབ་ཕྲུག་ཚུ་ལུ་ཡང་ བྱིན་ཚུགས་པའི་ ཕན་ཁྱད་ཡོད་མི་ལུ་བརྟེན་ བློན་ཆེན་གྱི་ གསོལ་རས་བྱིན་དགོ་མི་དེ་ གནད་དོན་དེ་ལུ་བརྟེན་ཨིན་ཟེར་ གསུངས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *