ཞིབ་དཔྱད་དང་ རྩོད་བཤེར་གྱི་ འགན་འཁྲི་གཉིས་ སླ་བསྲེ་ནི་མི་འོང་།

༉ རྒྱལ་ཁམས་ཀྱི་ཁྲིམས་རྩོདཔ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་ ཞིབ་དཔྱད་ལས་སྡེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་གཉིས་ཀྱི་བར་ན་ ད་རུང་ རང་སོའི་འགན་འཁྲི་ནང་ གཅིག་གིས་གཅིག་ལུ་ ཧམ་འཛུལ་འབད་བའི་ མངོན་གསལ་བྱུངམ་ཨིན་མས།
དེ་ཡང་ དཔེར་ན་ ཕུན་ཚོགས་གླིང་ལུ་ཡོད་མི་ ཇེ་པི་ཨེལ་པི་ཚོང་ལས་ཀྱིས་ དངུལ་ཀྲམ་ས་ཡ་༡༢༦.༨༩༧ དེ་ཅིག་ ཁྲལ་ལས་ཟུར་ཐབས་འབད་བའི་ རྩོད་དོན་ནང་ ཆེ་མཐོ་ཁྲིམས་འདུན་ གྲངས་མང་ཁྲིམས་ཁྲི་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མ་བཏུབ་མི་ལུ་བརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་བཤེར་གྱི་ འགན་ཁུར་འབག་དགོཔ་བྱུང་ནུག།
ལྷན་ཚོགས་ཀྱིས་ ཇེ་པི་ཨེལ་པིའི་ འཁྲུན་ཆོད་ལུ་ ངོས་ལེན་མེད་པར་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་དེ་ཡང་ སྤྱི་ལོ་༢༠༡༧ ཟླ་༧ པའི་ནང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོད་རུང་ ད་རེས་ གྲངས་མང་ཁྲིམས་ཁྲི་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་གཞི་འཛིན་གནང་མི་ལུ་ མཐོ་གཏུགས་འབད་མ་བཏུབ་ནི་དེ་གིས་ཨིན་མས།
ལྷན་ཚོགས་ཀྱིས་ རྩོད་བཤེར་འབད་ནིའི་ འགན་ཁུར་དེ་ ད་རིས་རྐྱངམ་གཅིག་མེན་པར་ ཧེ་མ་ཡང་ བདེ་སྲུང་སྦྱོང་བརྡར་ལས་རིམ་གྱི་ མ་དངུལ་ལྐོག་ཟ་དང་ ཀྲོང་གསར་ལུ་ ས་ཆ་ཚུལ་མིན་གྱི་སྒོ་ལས་ ཁྲམ་སྤོ་སོར་ དེ་ལས་ ཧཱ་ལྷ་ཁང་དཀར་པོ་བསྐྱར་བཞེངས་ལས་འགུལ་དང་ རྒྱལ་པོའི་ཞིང་ས་ཆའི་ རྩོད་རྙོགས་ལ་སོགས་པ་ཚུ་ནང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༥ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་ཚུ་གི་ དོན་འགྲེལ་གནང་ནུག།
རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༠ རྩ་དོན་༦ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ལུ་ རྩོད་གཞི་གང་རུང་ཅིག་གི་བཤེར་གཏུགས་ ཡང་ན་ འགོ་བཙུགས་ནི་ ཕྱིར་བཏོན་ཚུ་ ཁྲིམས་དང་འཁྲིལ་ཏེ་འབད་ནིའི་ དབང་ཚད་ཡོདཔ་བཞིན་དུ་ རྩ་ཚན་༢༧ རྩ་དོན་༥ པ་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་བཤེར་ལུ་ གཞི་བཞག་སྟེ་ ངོ་རྐྱང་ ཡང་ན་ རྩ་ཕན་ ལས་ཚོགས་ཀྱི་ ཉེས་བཤེར་ཚུ་ ཁྲིམས་འདུན་གྱིས་ རྩོད་བཤེར་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གང་མགྱོགས་འགན་ལེན་འབད་དགོཔ་ཨིན་མས།
ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་དོན་ཚན་༡༢༨(༣) པའི་ནང་ ལྷན་ཚོགས་ཀྱིས་ གནོད་འགེལ་ཅིག་གི་ ཉེས་འཛུགས་བཀོད་པའི་ མི་ངོ་ལུ་ ཉེར་བཤེར་བཙུགས་ནི་ ཡང་ན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་བཤེར་གྱི་ བྱ་རིམ་ཚུ་ ལོག་ལེན་ཆོགཔ་འདི་ཡང་ རྩོད་གཞི་དེ་ རྒྱུ་མཚན་ཁུངས་དག་མེད་པར་ ཡུན་འགྱངས་འབད་བཞག་པ་ ཡང་ན་ གཡོ་བཅོས་འབད་བ་ དེ་ལས་ བར་དཀྲོགས་སྒོ་ལས་ བར་བགེགས་རྐྱབ་པ་ཅིན་ཨིན་མས།
འདི་འབདཝ་ད་ ཇེ་པི་ཨེལ་པིའི་ རྩོད་དོན་གྱི་ཐད་ལུ་ ལྷན་ཚོགས་ཀྱིས་ ཉེས་བཤེར་གྱི་བྱ་རིམ་ ལོག་ལེན་མི་དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མཐོ་གཏུགས་མ་འབད་བར་ བཞག་ནི་དེ་གིས་ཨིན་མས།
ད་རུང་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༧ རྩ་དོན་༦ པའི་ནང་ ལྷན་ཚོགས་ཀྱིས་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དང་འཁྲིལ་ཏེ་ དེ་བཟུམ་སྦེ་ རྩ་ཚན་༢༩ རྩ་དོན་༨ པའི་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་དཔོན་ཡོངས་ཁྱབ་ཀྱི་ བཅའ་ཁྲིམས་དང་འཁྲིལ་ བྱ་སྒོ་བསྒྲུབ་དགོཔ་སྦེ་ འཁོད་དེ་འདུག།
བཅའ་ཁྲིམས་དང་ རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་༢ ཀྱི་ འགན་ཁུར་ཚུ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚད་༡༢༨(༣) པའི་ གནད་དོན་ཚུ་ ཐོན་ན་མ་གཏོགས་ སླ་བསྲེས་རྐྱབ་ནི་དང་ ཡང་ཅིན་ གཅིག་གིས་གཅིག་ལུ་ ཧམ་འཛུལ་འབད་མི་ཆོག་པས།
དེ་ཡང་ རྩ་ཁྲིམས་ཆེན་མོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངན་ལྷད་དང་འབྲེལ་བའི་ གནོད་འགེལ་ཚུ་ལུ་ ཞིབ་དཔྱད་འབད་ནི་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་བཤེར་འབད་ནིའི་ འགན་ཁུར་དྭངས་གསལ་སྦེ་འཁོད་དེ་འདུག།
ད་རེས་ གཙུག་སྡེ་༢ ཀྱི་ འགན་ཁུར་སྐོར་ མགུ་འཐོམ་བྱུང་མི་དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ཡང་ རྩོད་བཤེར་གྱི་དོན་ལུ་ ལྷན་ཚོགས་ལས་ ཞིབ་བཤེར་སྙན་ཞུ་བཏང་མི་ ལ་ལོ་ཅིག་ ཁོང་ར་གིས་ ཞིབ་དཔྱད་འབད་མི་དང་ གོང་ལུ་བཀོད་དོ་བཟུམ་ ལྷན་ཚོགས་ཀྱིས་ཡང་ ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་མི་ལུ་བརྟེན་ཨིན་མས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཅའ་ཁྲིམས་ཀྱི་ དོན་ཚན་༡༢༨(༣) པ་དང་མ་འཁྲིལ་བའི་ རྩོད་དོན་ཚུ་ ཁྲིམས་འདུན་ཚུ་གིས་ རྩོད་བཤེར་གྱི་དོན་ལས་ ངོས་ལེན་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལས་ འགལ་ནི་ཨིནམ་ད་ འདི་བཟུམ་མའི་ གནས་སྟངས་ནང་ ཁྲིམས་སྡེ་ལུ་ཡང་ འགན་འཁྲི་བཀལ་དགོཔ་འདུག།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *