རྟ་ལོག་རྒེད་འོག་ནང་ འཛུགས་སྐྱོང་འབད་མི་ གེ་ཟའི་ཞིང།

ཞིང་ཆུ་མེདཔ་ལས་ གེ་ཟ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ།

༉ སྤུ་ན་ཁ་ རྟ་ལོག་རྒེད་འོག་ གུང་ཁྲ་མོ་དང་ ལབ་རྩ་ཁ་ དེ་ལས་ བོད་མེད་ནང་ལ་སོགས་པའི་ གཡུས་ཚན་ཚུ་ནང་ ཞིང་ཆུང་མེད་པའི་དཀའ་ངལ་ལུ་བརྟེན་ སོ་ནམ་པ་ཚུ་གིས་ གེ་ཟ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

གཡུས་ཚན་ཚུ་ནང་ གེ་ཟ་འཛུགས་སྐྱོང་འབད་དེ་ དུས་ཅི་འབདཝ་ད་ ལོ་ངོ་བཅུ་ཕྲག་༡ ལྷགཔ་ཅིག་ ལང་ཡོདཔ་ད་ དེ་ཡང་ ཆུ་ཞིང་ཚུ་ ཆུ་མེད་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པར་ སྟོངམ་ལུས་པའི་ཤུལ་ལས་ ས་གནས་ཀྱི་སོ་ནམ་པ་ཚུ་གིས་ གེ་ཟའི་ལཱ་འབད་ནི་ འགོ་བཙུགས་ནུག།
མ་གཞི་ གེ་ཟའི་ལཱ་ལུ་ ཤར་ཕྱོགས་དང་ གཡུས་ཕྱོགས་རྫོང་ཁག་ཚུ་གིས་ གཙོ་བོར་བཏོན་དོ་ཡོདཔ་ཨིན་རུང་ ད་རེས་ རྟ་ལོག་རྒེད་འོག་གི་ སོ་ནམ་པ་མང་ཤོས་ཅིག་གིས་ གེ་ཟའི་ལཱ་ཚུ་ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ཚུ་བཟུམ་སྦེ་ར་ འབད་དོ་ཡོདཔ་ཨིན་པས།
གུང་ཁྲ་མོ་གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ རྟ་མགྲིན་བུ་དར་གྱིས་ སླབ་མིའི་ནང་ མ་གཞི་ གཡུས་ཚན་དེ་ནང་ འབྱ་ལེགས་ཤོམ་སྦེ་ འཚོ་སྐྱོང་འབད་ཚུགས་པའི་འོས་འབབ་ཡོད་རུང་ གེ་ཟའི་ལཱ་འབད་དགོཔ་ཐོན་མི་དེ་ ཞིང་ཆུ་རྩ་ལས་མེད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
གེ་ཟ་འཛུགས་སྐྱོང་འབད་མི་དེ་ཡང་ འཕྲལ་འཕྲལ་ཐན་སྐམ་ལུ་བརྟེན་ མེདཔ་འགྱོ་ནི་ཡོདཔ་ལས་ ཞིང་ཆུ་མེད་པ་ཅིན་ སོ་ནམ་གྱི་ལཱ་ ག་ཅི་ར་འབད་རུང་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
གུང་ཁྲ་མོ་དང་ ལབ་རྩ་ཁའི་མི་ཚུ་གིས་ གེ་ཟའི་ལཱ་ ཐབས་མེད་པར་ འབད་དགོཔ་ཐོན་མི་དེ་ གལ་སྲིད་ གེ་ཟ་མ་བཏབ་པ་ཅིན་ མི་ཚེ་འཚོ་སྐྱོང་འབད་ཚུགས་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ཨིན་པས།
ལ་ལོ་ཅིག་ འོང་འབབ་ཀྱི་ ཐོན་ཁུངས་ཡོད་མི་ཚུ་གིས་ ཆུ་ཞིང་སྟོངམ་སྦེ་ར་ བཀོག་བཞག་ཡོདཔ་མ་ཚད་ གེ་ཟའི་ལཱ་ཡང་ འབད་ནི་མེདཔ་ལས་ ད་རེས་ ཆུ་ཞིང་ཨེ་ཀར་༣༣༥ ལུས་ཡོདཔ་ལས་ དེ་གིས་ ཧེང་སྐལ་ར་ འཚོ་བའི་གནས་སྟངས་ཀྱི་ཐད་ལུ་ རང་མགོ་རང་འདྲོངས་གནས་ཚུགས་ནི་ལུ་ ཐོ་ཕོག་ནི་ཨིན་པས།
རྟ་ལོག་རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཞིང་ཆུའི་དོན་ལུ་ སྟོད་པའི་རོང་ཆུ་འཐེན་ནིའི་ ཐབས་ཤེས་ཅིག་ བཏོན་དོ་ཟེར་ཨིནམ་ད་ ཆུ་འཐེན་ནིའི་དོན་ལུ་ ཆུ་དུང་ཚུ་ཡང་ ཧེ་མ་ལས་ མཁོ་སྒྲུབ་འབད་བཞག་ནུག།
དེ་འབདཝ་ད་ བྱ་སྟབས་མ་བདེཝ་ངོ་མ་ར་ སྟོད་སྦིས་ས་གི་ མི་ཚུ་གིས་ སྟོད་པའི་རོང་ཆུ་དེ་ བྱིན་མ་བཏུབ་པའི་དཀའ་ངལ་ཡོདཔ་ལས་བརྟེན་ རྒེད་འོག་བདག་སྐྱོང་གིས་ འཆར་གཞི་དེ་ ད་ལྟོ་ཚུན་ གཏན་འཁེལ་འགྱོ་མ་བཏུབ་པར་ ལུས་ནུག།
ལབ་རྩ་ཁ་དང་ གུང་ཁྲ་མོ་གཡུས་ཚན་གྱི་ མི་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ སྟོད་པའི་རོང་ཆུ་དེ་ འཐེན་ཚུགས་པ་ཅིན་ ཞིང་ཆུ་རྐྱངམ་གཅིག་མེན་པར་ འཐུང་ཆུའི་དོན་ལུ་ཡང་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *