ཞིང་གཤེགས་བླམ་ ཀརྨ་དབང་འདུས་ཀྱི་སྐུ་པར།

ཞིང་གཤེགས་བླམ་ ཀརྨ་དབང་འདུས་ཀྱི་སྤུར་སྦྱང་ ལྷ་བབས་དུས་ཆེན་ལུ་གནང་ནི།

མོང་སྒར་བཀའ་དམ་དགོན་པའི་ ཞིང་གཤེགས་བླམ་ ཀརྨ་དབང་འདུས་ཀྱི་ སྤུར་སྦྱང་དེ་ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་དང་འབྲེལ་ མཁོ་མ་བླམ་ རྣམ་གྲོལ་བཟང་པོ་གིས་ འབད་ནི་ཨིན་པས།

བླམ་རྣམ་གྲོལ་བཟང་པོ་དེ་ ཞིང་གཤེགས་བླམ་གི་ ཆོས་གྲོགས་ཨིན་པའི་ཁར་ བདུད་འཇོམས་རིན་པོ་ཆེའི་ སློབ་མ་དང་པ་ཨིན་པས།

ད་རེས་ནངས་པར་ བླམ་གི་སྐུ་ཕུངམ་དེ་ ཁོ་རང་གིས་ བཞེངས་གནང་མི་ ལྷ་ཁང་ནང་ གདན་འདྲེན་ཞུ་ཡོདཔ་བཞིན་དུ་ དགོན་སྡེའི་རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ སྒོམ་ཆེན་དང་ མཚམས་པ་༥༠ ལྷགཔ་ཅིག་གིས་ ཉིན་བསྟར་བཞིན་དུ་ རྡོར་སེམས་ཀྱི་གསུང་ཆོག་ གནང་པའི་བསྒང་ཡོདཔ་ལས་ དད་ཅན་ཚུ་གིས་ ཉི་མཚན་མེད་པར་ སྨོན་ལམ་བཏབ་པར་ འཛོམས་དོ་ཡོདཔ་ཨིན་པས།

བླམ་གི་སྤུར་སྦྱང་དེ་ སྒྲུབ་སྡེའི་རྒྱབ་ཁར་ གནང་ནི་ཨིནམ་ལས་ དེའི་དོན་ལུ་ དད་ཅན་སྐྱ་སེར་དང་ བླམ་ཁོ་རའི་ སློབ་མ་ཚུ་གིས་ བྱང་ཆུབ་མཆོད་རྟེན་ཅིག་ བཞེངས་པའི་བསྒང་ཡོདཔ་ཨིན་པས།

བདུད་འཇོམས་གཏེར་གསར་གྱི་ ཆོས་ལུགས་གཙོ་བོར་བཟུང་སྟེ་ རྒྱལ་ཁབ་དང་ མི་སྡེ་ལུ་ འགྲོ་དོན་རྒྱ་ཆེར་མཛད་གནང་མི་ དགུང་ལོ་༩༥ བཞེས་མི་ བླམ་ཀརྨ་དབང་འདུས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༧ གྱི་ དྲོ་པའི་ཆུ་ཚོད་༢ དེ་ཅིག་ལུ་ ཁོ་རའི་ གཟིམ་ཅུང་ནང་སྦེ་ གཤགས་སོ་ནུག།

བདུན་ཕྲག་གཅིག་གི་རིང་ ཐུགས་དམ་ནང་ བཞུགས་པའི་ཤུལ་ལས་ ཐུགས་དམ་གྲོལ་གནང་མི་དང་འཁྲིལ་ ད་རེས་ནངས་པར་ བླམ་ཁོ་རང་གིས་ བཞེངས་ཡོད་མི་ བཀའ་དམ་ལྷ་ཁང་ནང་སྦེ་ དད་ཅན་མི་སེར་ཚུ་ལུ་ མཇལ་ཁ་གནང་དོ་ཡོདཔ་མ་ཚད་ ཞིང་གཤེགས་བླམ་གིས་ ཡང་སྲིད་འབྱོན་ནིའི་ ཞལ་ཆེམས་གསུངས་ཡོདཔ་ལས་ བླམ་གི་སྲསམོ་དང་ ཚབོ་ཚམོ་ དེ་ལས་ མཚམས་པ་ཚུ་གིས་ ཡང་སྲིད་མྱུར་བྱོན་གི་ གསོལ་འདེབས་གནང་དོ་ཡོད་པའི་ཁར་ གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག་གིས་ཡང་ ཡང་སྲིད་མྱུང་བྱོན་གྱི་ ཐུགས་སྨོན་གནང་ནུག།

མོང་སྒར་ཕོ་ཚོ་རོང་ལུ་སྦེ་འཁྲུངས་མི་ ཞིང་གཤེགས་བླམ་ ཀརྨ་དབང་འདུས་དེ་ དགུང་ལོ་༡༠ བཞེསཔ་ད་ བུམ་ཐང་ཐར་པ་གླིང་གྲྭ་ཚང་ནང་སྦེ་ གཞུང་དང་རིག་གནས་ཚུ་ གསན་སྦྱངས་གནང་བའི་ཤུལ་ལས་ རྒྱ་གར་ཀ་ལིམ་སྤོང་ལུ་ བདུད་འཇོམས་རིན་པོ་ཆེ་མཆོག་ལས་ སྒྲུབ་ཉམས་ལེན་ཡོངས་རྫོགས་ ཞུ་ཡོདཔ་ཨིན་པས།

ཞིང་གཤེགས་བླམ་ འཇིམ་བཟོཔ་མཁས་མཆོག་ཅིག་ཨིནམ་ལས་ ལྷ་ཁང་དང་ ནང་རྟེན་ཚུ་ ཁོ་རང་གིས་ བཞེངས་གནངམ་མ་ཚད་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལྷ་ཁང་དང་ སྐུ་རྟེན་ཚུ་ མང་རབས་ཅིག་ བཞེངས་ཡོདཔ་ཨིན་པས།

བླམ་གིས་ སྤྱི་ལོ་༡༩༧༠ དེ་ཅིག་ལུ་ བཀའ་དམ་དགོན་པ་ལུ་ ཁོ་རའི་གདན་ས་ བཅགས་གནང་པའི་ཤུལ་ལས་ སྒྲུབ་སྡེ་གཞི་བཙུགས་ གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *