ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་མེད་ཐོག་ གནས་ཚུགསཔ་ཨིན་ན?

༉ འཛམ་གླིང་རྒྱལ་ཁབ་གཞན་བཟུམ་སྦེ་ འབྲུག་ལུ་ཡང་ སྲིད་སྐྱོང་དང་ ཞི་གཡོག་ཟེར་ ལམ་ལུགས་གཉིས་ཡོདཔ་བཞིན་དུ་ སྲིད་དོན་པ་ཚུ་གིས་ སྲིད་བྱུས་དང་ འཆར་གཞི་ལས་རིམ་ཚུ་ བརྩམས་པའི་ཤུལ་ལུ་ ཞི་གཡོགཔ་ཚུ་གིས་ ལག་ལེན་འཐབ་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ཚན་༢༦ པའི་ དགོངས་དོན་དང་འཁྲིལ་རུང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ གཞི་བཙུགས་འབད་དགོ་མི་དེ་ཡང་ འཇོན་ཚད་དང་ དྭངས་གསལ་ འཁྲི་འགན་ལྡན་པའི་ རྣམ་གཞག་གི་སྒོ་ལས་ སྤྱི་འགན་གྲུབ་མི་ རང་དབང་ཅན་དང་ སྲིད་དོན་འབྲེལ་མེད་ཀྱི་ ཞི་གཡོག་ཅིག་ ཡར་དྲག་གཏང་ནི་དང་ ངེས་གཏན་ཡོདཔ་ བཟོ་ཐབས་ལུ་ཨིན་མས།
དེ་གི་ནང་ལས་ཡང་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལཝ་ད་ ཞི་གཡོག་ལྷན་ཚོགས་ཀྱིས་ གཞུང་གི་སྲིད་བྱུས་དང་ ལས་རིམ་ཚུ་ ལག་ལེན་འཐབ་པའི་སྐབས་ གཞུང་སྐྱོང་ལེགས་ལྡན་དང་ མི་སྡེའི་དྲང་ཁྲིམས་ཡར་དྲག་ལུ་ གནས་ཚད་མཐོ་བའི་ བཟང་སྤྱོད་དང་ གཅིག་སྒྲིལ་གྱི་ ལམ་སྟོན་ཐོག་ལས་ ཞི་གཡོགཔ་ཚུ་གིས་ ཁྱད་རིག་གི་ ཞབས་ཏོག་ཞུ་ཚུགསཔ་ ངེས་གཏན་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་ཨིན་མས།
ཞི་གཡོགཔ་ཚུ་ སྲིད་དོན་དང་ འབྲེལ་བ་མེདཔ་དང་ སྲིད་ཚོགས་དང་འབྲེལ་བའི་ ལས་སྣ་ཚུ་ནང་ གྲལ་གཏོགས་མེདཔ་སྦེ་ གནས་དགོཔ་ཨིན་མས། འདི་འབདཝ་ལས་ འབྲུག་གིས་ ཁྱད་རིག་གི་ ཞབས་ཏོག་ཞུ་ཚུགས་ནིའི་དོན་ལུ་ ཞི་གཡོགཔ་ཚུ་ གོ་གནས་ཡར་སེང་དང་ བསྐོ་བཞག་དེ་ནང་ སྲིད་འབྲེལ་པ་ཚུ་ ཁོངས་སུ་གཏོགས་ནི་ལས་ བཀག་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དེ་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་སྦེ་ གཞི་བཙུགས་འབད་ནུག།
གལ་སྲིད་ བློན་པོ་ཚུ་ལུ་ ཁོང་གི་དོན་ལས་ ལཱ་འབད་མི་ ཞི་གཡོགཔ་ཅིག་ གདམ་ཁ་རྐྱབ་ཆོག་པའི་ དབང་ཚད་བྱིན་པ་ཅིན་ མི་མང་གི་ ཞབས་ཏོག་སྒྲུབ་ནི་ལུ་ ཐོ་ཕོག་ཉེན་ཡོད་པའི་ཁར་ སྤྱི་འགན་ཚུ་ དམིགས་གཏད་དང་འཁྲིལ་ འགྲུབ་མི་ཚུགས་ནི་ཨིནམ་ལས་ དེ་གིས་ཡང་ ནུས་མེད་བཟོ་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་མས།
རྩ་ཁྲིམས་ནང་ གསལ་བཀོད་འབད་དོ་བཟུམ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ ཁོང་རའི་ སྲིད་ཀྱི་ཁས་བླངས་གསལ་བསྒྲགས་དང་ ཆ་མཐུནམ་སྦེ་ སྲིད་བྱུས་དང་ འཆར་གཞི་ཚུ་ བརྩམ་ནི་ཨིན་རུང་ ཞི་གཡོགཔ་ཚུ་གིས་ རྒྱལ་ཁམས་ཀྱི་ རྒྱུ་དངུལ་ཚུ་ ཆུད་ཟད་མ་བཏང་པར་ རང་སོའི་འགན་ཁུར་ཚུ་ དྭངས་གསལ་དང་ ཕྱོགས་ལྷུང་མེདཔ་ ཕྱག་ཞུ་དགོཔ་དེ་ ག་ནི་བ་གལ་ཆེ།
འདི་འབདཝ་ད་ རྩ་ཁྲིམས་ཆོན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་ཐོག་ གནས་དགོཔ་ཨིན་རུང་ འདི་བཟུམ་མའི་ གནས་སྟངས་ནང་ ལྟ་རྟོག་དམ་དམ་འབད་མི་ཡོད་ན་མ་གཏོགས་ དེ་མིན་ ཞི་གཡོགཔ་དེ་ སྲིད་དང་འབྲེལ་བ་མེད་ཟེར་ སླབ་ཚུགས་པར་ ལཱ་ཁག་འོང་ནི་མས།
ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ ལོ་རྒྱུས་བཤད་མི་དང་ སྲིད་དོན་ཚོགས་པ་ལ་ལོ་ཅིག་གིས་ གཞུང་འབྲེལ་མེན་པའི་ཐོག་ལས་ འདེམས་ངོ་ཚུ་གི་ཐོ་ གསལ་སྟོན་འབད་མི་ལུ་ བལྟ་བ་ཅིན་ ཆེ་མཐོའི་གོ་གནས་འཆང་མི་ ཞི་གཡོགཔ་ལེ་ཤ་ཡོདཔ་ལས་ རྩ་ཁྲིམས་ཆེན་མོའི་ནང་ སྲིད་དོན་འབྲེལ་མེད་ཀྱི་ ཞི་གཡོགཔ་དགོ་ཟེར་ འཁོད་ཡོད་མི་དང་ རྒྱབ་འགལ་འགྱོ་བའི་ མངོན་གསལ་བྱུངམ་མས།
ང་བཅས་ཀྱི་ ཞི་གཡོགཔ་ཚུ་ སྲིད་དང་ཐ་དད་ཨིན་པ་ཅིན་ ཞི་གཡོག་ནང་ལས་ དགོངས་ཞུ་འབད་ཞིནམ་ལས་རྐྱངམ་གཅིག་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་དང་ འདེམས་ངོ་སྦེ་ འཛུལ་བའི་སྐོར་ གསལ་བསྒྲགས་འབད་དགོ།
མ་གཞི་ ཞི་གཡོགཔ་ཚུ་ སྲིད་དོན་ནང་ འཛུལ་ནི་ལས་ བཀག་མི་ཚུགས་ནི་ཨིན་རུང་ བྱ་སྒོ་ལམ་ལུགས་དང་འཁྲིལ་ དགོངས་ཞུ་འབད་ཞིམ་ལས་ སྲིད་དོན་པ་འབད་བ་ཅིན་ ཉོགས་བཤད་བཀོད་དགོཔ་དང་ ཞི་གཡོག་བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ལུ་ བརྙས་བཅོས་འབད་དགོཔ་མིན་འདུག།
ད་རེས་ནངས་པར་ ཞི་གཡོགཔ་ཆ་ཤས་ཅིག་གིས་ རྩ་ཁྲིམས་དང་ ཞི་གཡོག་པའི་ བཅའ་ཡིག་ནང་ ག་དེ་སྦེ་ར་ འཁོད་ཡོད་རུང་དེ་ཚུ་ལུ་ བརྩི་མཐོང་མ་བསྐྱེད་མི་དེ་ ལྟ་རྟོག་དང་ ཚད་འཛིན་འབད་ནི་མེད་མི་ལུ་བརྟེན་ འོང་ནི་ཨིནམ་ད་ གལ་སྲིད་ འབྲེལ་ཡོད་དབང་འཛིན་གྱི་ཧོངས་ལས་ ལྟ་བཀོད་དམ་སྒྲིང་འབད་བ་ཅིན་ ཞི་གཡོགཔ་ཚུ་ སྲིད་དང་འབྲེལ་གནད་མེདཔ་བཞག་ཚུགས།

About admin

Check Also

རྩི་རང་གི་ ས་གནས་གཞུང་གི་བཙག་འཐུའི་ནང ཁས་བླངས་གཙོ་བོ་ ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ རྩི་རང་སྟོད་ཀྱི་ ས་གནས་གཞུང་གི་འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་༡༡ ཡོདཔ་བཞིན་དུ་ ག་རང་གིས་ ཆུའི་དཀའ་ངལ་བསལ་ནི་ལུ་ གཙོ་རིམ་བཟུང་ཡོདཔ་མ་ཚད་ ཞིང་ཆུ་ལངམ་སྦེ་ མཁོ་སྤྲོད་འབད་ནི་ཨིན་པས། ཨིན་རུང་ ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་བ་ཅིན་ ཧེ་མ་ཡང་ འདེམས་ངོ་ཚུ་ བཙག་འཐུ་གྲུབ་ཞིནམ་ལས་ …

Leave a Reply

Your email address will not be published. Required fields are marked *