ཞི་གཡོགཔ་ཚུ་ལུ་ བདག་དབང་གི་ཁྱིམ་ འཐོབ་ཚུགསཔ་བཟོ་ནི་དེ་ དུས་ཚོད་འགོར་ནི།

༉ ཁ་ཙ་ སྤྱི་ཚོགས་ལྷན་བཞུགས་ནང་ སྤྱི་གཡོགཔ་ཚུ་ལུ་ གོང་ཚད་རན་ཏོག་ཏོ་འབད་མི་སྡོད་ཁྱིམ་དང་ ཁྱིམ་གྱི་བདག་དབང་སྤྲོད་ནིའི་སྐོར་ལས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༣ དང་༢༠༡༧ གྱི་བར་ན་ རྩིས་ཞིབ་འབད་མི་སྙན་ཞུ་ལུ་ ཚོགས་སྡེའི་འཐུས་མི་ མང་ཤོས་ཅིག་གིས་ འཆར་གཞི་དེ་ དངུལ་འབྲེལ་གྱི་ཆ་རྐྱེན་ཅིག་ལུ་ གཞི་བཞག་སྟེ་ མཐར་འཁྱོལ་འབྱུང་མི་ཚུགས་ཟེར་ ཞུ་ཡི།

ཐིམ་ཕུག་གི་འཐུས་མི་ ཚེ་དབང་རིག་འཛིན་གྱིས་ འཆར་གཞི་དེ་ དངུལ་འབྲེལ་རྐྱངམ་གཅིག་གི་ཐོག་ལས་མེན་པར་ དུས་དང་འཁྲིལ་ གོང་ཚད་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཁྲིམས་ལུགས་དང་སྲིད་བྱུས་ དེ་ལས་ ལམ་ལུགས་ཚུ་ནང་ཡང་ བསྒྱུར་བཅོས་འབད་དགོ་པའི་ཁར་ བཟོ་སྐྲུན་འབད་ནིའི་དུས་ཚོད་ཡང་ མ་བཟོ་བ་ཅིན་ དུས་ཚོད་དང་འཁྲིལ་ ཟད་འགྲོ་ཚུ་ཡང་ ཡར་སེང་འགྱོ་འོང་ཟེར་ཞུ་ཡི།

ཧཱ་གི་འཐུས་མི་ ཨོ་རྒྱན་རྣམ་རྒྱལ་གྱིས་ ཁྱིམ་གྱི་བདག་དབང་སྤྲོད་ནི་ཨིན་པ་ཅིན་ དངུལ་འབྲེལ་གྱི་ གནད་དོན་རྐྱངམ་གཅིག་གིས་ ཁྱིམ་བཟོ་སྐྲུན་འབད་བའི་སྐབས་ཀྱི་ ཟད་འགྲོ་འགབ་མི་ཚུགས་ཟེར་ཞུ་ཡོདཔ་ད་ འཐུས་མི་གིས་ སྐྱེད་མར་ཕབ་ཀྱི་གནད་དོན་ལུ་ཡང་ བལྟ་དགོ་ཟེར་ཞུ་ཡི།

བུམ་ཐང་གི་ ཚོགས་སྡེའི་འཐུས་མི་ ཉི་མ་གིས་ འཆར་གཞི་དེ་གི་དོན་ལུ་ དངུལ་འབྲེལ་གཙུག་སྡེ་ ལོགས་སུ་སྦེ་ གཞི་བཙུགས་འབད་དགོ་པ་ཅིན་ ཡིག་ཚང་གསརཔ་གི་དོན་ལུ་ འབད་དགོ་པའི་གཞི་བཙུགས་ཀྱི་ལཱ་ ལེ་ཤ་ཚང་དགོཔ་ཡོདཔ་ལས་ འཇམ་ཏོང་ཏོ་མེད་ཟེར་ཞུ་ཡི།

ལྡོག་ཕྱོགས་ཚོགས་པའི་ དགྲ་མེད་རྩེ་- སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ དངུལ་འབྲེལ་གཙུག་སྡེ་གསརཔ་ གཞི་བཙུགས་འབད་བ་ཅིན་ ཧེ་མ་ལས་ཡོད་མི་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ ཐོ་ཕོག་ནི་ཨིནམ་ལས་ གྲོས་འདེབས་དེ་ལུ་ རྒྱབ་སྐྱོར་མེད་ཟེར་ཞུ་ཡི། 

སྦྱིས་- སྐར་ཚོགས་ཀྱི་འཐུས་མི་ ཨོ་རྒྱན་བསྟན་འཛིན་གྱིས་ འཆར་གཞི་དེའི་དོན་ལུ་ འདས་པའི་གཞུང་ཚུ་གི་སྐབས་ལས་ར་ གྲོས་བསྟུན་ཚུ་ འགོ་བཙུགས་ཡོད་རུང་ ད་ལྟོ་ཡང་ གྲུབ་འབྲས་འཐོན་མ་ཚུགས་པར་ལུས་ཡོདཔ་ལས་ ཁྲོམ་ཁར་ གཞུང་དང་སྒེར་གྱི་ས་ཆ་ལེ་ཤ་ཡོདཔ་ལས་ དེ་ཚུ་ཡང་ ལེགས་ཤོམ་སྦེ་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

འཐུས་མི་གིས་ སྡོད་ཁྱིམ་རྐྱབ་ནི་དེ་ ཁྲོམ་ཁར་རྐྱངམ་གཅིག་མེན་པར་ ཡིག་ཚང་ཚུ་ཨིན་རུང་ རྫོང་ཁག་གཞན་ཁར་ལས་ཕར་ བཙུགས་ནིའི་ཐབས་ལམ་ཚུ་ཡང་ བལྟ་དགོཔ་འདུག་ཟེར་ཞུ་ཡི།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ཡང་ དཀའ་ངལ་དེ་ བསལ་དགོ་པ་ཅིན་ དངུལ་འབྲེལ་རྐྱངམ་གཅིག་མེན་པར་ ཁྱིམ་རྐྱབ་པའི་སྐབས་ཀྱི་ རྡོ་དང་བྱེམ་ ཤིང་ཆས་ཚུ་ཡང་ ཁག་ཆེ་ཟེར་ཞུ་ཡི།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཁྱིམ་བཟོའི་ལས་འགུལ་ཚུ་ ཧེ་མ་ལས་ འགོ་བཙུགས་ཡོད་རུང་ ག་ཅི་སྦེ་ འཕྲོ་མཐུད་མ་འབད་བར་ ལུས་ཡོདཔ་ཨིན་ན་ཟེར་ དྲི་བཀོད་འབད་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ ལྕང་ཇི་ཇི་བཟུམ་མའི་ སྡོད་ཁྱིམ་རྐྱབ་ནི་ལུ་ ཡང་ཅིན་ དཀའ་ངལ་འཐོན་པ་ཅིན་ དེ་ཚུ་ཡང་ ད་ལྟོ་ ཤེས་ཚུགས་པ་ཅིན་ དཀའ་ངལ་དེ་ བསལ་ ཚུགས་ཟེར་ཞུ་ཡི།

བློན་པོ་གིས་ སྤྱི་ལོ་༢༠༡༥ ལུ་ཡང་ ཁྱིམ་བཟོའི་ མོ་བཏབ་འབད་མི་དེ་ཡང་ འཕྲོ་མཐུད་མ་འབད་བར་ལུས་མིའི་སྐོར་ལས་ ཤེས་ཚུགས་རུང་ ད་ལྟོ་ ལཱ་ཚུ་འབད་བའི་སྐབས་ འཇམ་ཏོང་ཏོ་འགྱོ་འོང་ཟེར་ཞུ་ཡི།

གཞུང་གིས་ ཞི་གཡོགཔ་ཚུ་ དགོངས་ཞུ་འགྱོཝ་ད་ སྡོད་ས་ཅིག་ཡོདཔ་བཟོ་ཐབས་ལུ་ ཁྲོམ་ཁར་ བྱིན་མ་ཚུགས་རུང་ རང་སོའི་ གཡུས་ཁར་ལས་ཕར་རྐྱབ་པའི་སྐབས་ གཞུང་གིས་ ཤིང་ཆས་དང་རྡོ་ བྱེམ་གྱི་རིགས་ཚུ་ལུ་ གོང་ཚད་ཕབ་ཆག་ཐོག་ སྤྲོད་ནིའི་སྐོར་ལས་ཡང་ ལྟ་ཡོདཔ་ལས་ སྟབས་མ་བདེཝ་ཚུ་ བསལ་ཚུགས་ཟེར་ཞུ་ཡི།

དེ་འབདཝ་ལས་ ཧེ་མའི་ དཀའ་ངལ་དང་གདོང་ལེན་ཚུ་ཡོད་པ་ཅིན་ ཚོགས་ཆུང་གིས་ དྲི་དཔྱད་ཚུ་འབད་ནི་དེ་ཡང་ ཁག་ཆེ་བས་ཟེར་ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ འཆར་གཞི་དེ་ལུ་ གདོང་ལེན་གྱི་རྣམ་པ་ ལེ་ཤ་ཡོད་པའི་གྲས་ལས་ སའི་གོང་ཚད་དང་ སྐྱེད་མཐོ་དྲགས་མི་དེ་གིས་ བར་ཆད་བྱུང་སྟེ་ཡོད་ཟེར་ཞུ་ཡི།

བློན་པོ་གིས་ དེ་གི་དོན་ལུ་ ཁྱིམ་རྐྱབ་ཐངས་ལས་འགོ་བཙུགས་ སོར་དགོཔ་འདུག་ཟེར་ཞུ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༢༠ ལོའི་ རྒྱལ་ཡོངས་ཁྱིམ་བཟོའི་སྲིད་བྱུས་ནང་ ཁྱིམ་ཚུ་ཐོ་བཀོད་ཅན་གྱི་ ཁྱིམ་བཟོ་སྐྲུན་ལས་སྡེ་ཚུ་གིས་ རྐྱབ་དགོཔ་སྦེ་ ཡོད་ ཟེར་ཨིན་པས།

ཨིན་རུང་ འཆར་གཞི་དེ་ ལོ་དག་པ་ཅིག་གི་ནང་འཁོད་ལུ་ འབད་ཚུགས་པའི་ལཱ་མེནམ་ལས་ དུས་ཚོད་འགོར་ནི་མས་ཟེར་ བློན་པོ་གིས་ཞུ་ཡི།

མོང་སྒར་གྱི་ ཚོགས་སྡེའི་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ དགོས་མཁོ་དེ་ ག་ཏེ་ལུ་ དགོཔ་ངེས་བདེན་ཡོདཔ་ཨིན་ན་ཚུ་ བལྟ་ཞིནམ་ལས་ འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།

རྒྱལ་ཡོངས་ཚོགས་སྡེའི་ ཆུ་ཁ་གི་འཐས་མི་ སངས་རྒྱས་རྡོ་རྗེ་གིས་ ཁྲོམ་ཁར་ཡོད་མི་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་ འཛིན་ཚད་དང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ རྐྱབ་ཡོད་མི་ ཁྱིམ་ཚུ་གི་ཁང་གླ་དེ་ཡང་ སོ་ སོར་འདུག་ཟེར་ཞུ་ཡི།

ཚོགས་ཆུང་གིས་ གྲོས་འདེབས་ཁག་གཉིས་ རྒྱལ་ཡོངས་ཁྱིམ་བཟོའི་དངུལ་འབྲེལ་གཙུག་སྡེ་ གཞི་བཙུགས་འབད་ནིའི་ འཚོལ་ཞིབ་འབད་ནི་དང་ ཡང་ན་ དངུལ་འབྲེལ་གཙུག་སྡེ་ཚུ་ལུ་ འོས་ལྡན་གྱི་དངུལ་འབྲེལ་འཆར་གཞི་ཚུ་བཟོ་སྟེ་ བསྟར་སྤྱོད་ཀྱི་ འགན་ཁུར་སྤྲོད་དགོ་པའི་ གྲོས་འདེབས་ཕུལ་ཡི།

ད་ཚུན་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་ལས་འཛིན་ཚད་ཀྱིས་ ཕུན་ཚོགས་གླིང་གི་ རབ་བརྟན་བཟོ་བཅོ་ཁང་དང་ ཨ་མོ་ཆུ་གི་ ས་ཁོངས་ནང་ ཁང་ཚན་བསྡོམས་ཀྱིས་༥༠༦ འབད་མི་དང་ སྤྱི་ལོ་༢༠༠༢ ལས་ སྡོད་ཁྱིམ་བདག་དབང་གི་ ལས་འགུལ་དེ་ ཌ་ནི་ཌ་གི་ མ་དངུལ་གྲོགས་རམ་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།

མ་དངུལ་དེ་གིས་ སྤྱི་ལོ་༢༠༠༤ ལུ་ ལྕང་ཇི་ཇི་ལུ་ དངུལ་ཀྲམ་ས་ཡ་༡༢.༥ གནས་པའི་ ཁང་ཚན་༣༢ འབད་མི་ བཟོ་བཀོད་ ༡༢ རྐྱབ་ཡོདཔ་ཨིན་པས།

རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་འཚོ་རྟེན་མ་དངུལ་གྱིས་ ཁོང་རའི་འཐུས་མི་ཚུ་ལུ་ འཐུས་མིའི་སྡོད་ཁྱིམ་སྐྱིན་འགྲུལ་ ལས་འཆར་ནང་ལས་ སྡོད་ཁྱིམ་གྱི་ བདག་དབང་དོན་ལུ་ ཟད་འགྲོ་གཏང་ཐབས་ཀྱི་ དམིགས་གཏད་བསྐྱེདཔ་ཨིན་པས།

དེ་མ་ཚད་ ཡིག་ཚང་དེ་གིས་ སྤྱི་གཡོགཔ་ཚུ་ལུ་ དམིགས་བསལ་དུ་ ལོ་ན་རྒསཔ་ད་ སྐྱེད་ཉུང་བའི་ཐོག་ལས་ དཔལ་འབྱོར་གྱི་ ཉེན་སྲུང་འབད་ནི་དང་ སྡོད་ཁྱིམ་གྱི་བདག་དབང་ཡོདཔ་བཟོ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།

ལས་འཛིན་དེ་གིས་ མོ་བཏབ་བཟུམ་ཅིག་སྦེ་ སྤྱི་ལོ་༢༠༡༥ ལུ་ ཐིམ་ཕུག་སྡེ་སྲིད་ལུ་ དངུལ་ཀྲམ་ས་ཡ་༥.༥༨ གནས་པའི་ ཁང་མིག་༣ འབད་མི་ སྡོད་ཁྱིམ་ཅིག་དང་ ཁང་མིག་༤ འབད་མི་སྡོད་ཁྱིམ་ ཐོག་༢ འབད་མི་ཅིག་ རྐྱབ་ཡོདཔ་ཨིན་པས།

ཁྱིམ་ཚུ་ཡང་ ནང་འཁོད་ལས་འཐོབ་ཚུགས་མི་ ཨཱའི་སི་པག་ཅུ་དང་ ཤིང་ཆས་ཚུ་ལག་ལེན་འཐབ་སྟེ་ རྐྱབ་ཡོདཔ་ད་ རྐྱབ་མི་ཚུ་ཡང་ ཆུ་སྨད་ལག་རྩལ་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཐར་འཁྱོལ་མི་ཚུ་ཨིན་པས།

ཁྱིམ་ཚུ་ ད་རེས་ ཁང་གླར་བྱིན་ཏེ་ཡོདཔ་ད་ ཁྱིམ་རྐྱབ་ནིའི་དོན་ལུ་ ཚོང་ལཱ་གཞི་བཙུགས་གྲོགས་རམ་སྡེ་ཕྲན་གྱིས་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཚོགས་ཆུང་གི་གྲོས་འདེབས་ལུ་ གྲོས་འཆམ་བྱུང་ཡོདཔ་ད་ གནད་དོན་དེ་ ཞབས་ཏོག་ལྷན་ཁག་ གིས་ཡང་ གྲོས་བསྟུན་འབད་བའི་བསྒང་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *