ཞི་གཡོགཔ་ཚུ་གིས་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ སྔར་ག་ཨིནམ་སྦེ་འཐོབ་ནི།

༉ དངུལ་རྩིས་ལྷན་ཁག་གིས་ སྤྱི་ལོ་༢༠༢༡ ཟླ་དང་པའི་ཚེས་༡ ལས་ ཞི་གཡོགཔ་ཚུ་ལུ་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ ཨ་རྟག་བཟུམ་སྦེ་ བྱིན་ནི་ཨིན་པས།

ཁ་ཙ་ གཞུང་གི་འཆར་དངུལ་ལས་སྡེ་ཚུ་ལུ་ གསལ་བསྒྲགས་འབད་མིའི་ནང་ དངུལ་རྩིས་བློན་པོ རྣམ་རྒྱལ་ཚེ་རིང་གིས་ ཉིན་འཐུས་དང་ འགྲུལ་འཐུས་ཚུ་ དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་ ༢༠༡༩ ཅན་མ་དང་འཁྲིལ་ཏེ་ བྱིན་འོང་ཟེར་བཀོད་ནུག།

དངུལ་ཕོགས་བསྐྱར་བཟོའི་བཅའ་ཁྲིམས་དང་འཁྲིལཝ་ད་ ནང་འཁོད་སྦྱོང་བརྡར་ཚུ་ འགོ་འདྲེན་འཐབ་པའི་སྐབས་ བཞེས་སྒོ་དང་ སྡོད་གནས་ཚུ་ མ་བྱིན་པར་ ཉིན་འཐུས་དངུལ་ཀྲམ་༢,༠༠༠ རེ་ ཡོདཔ་ཨིན་པས།

ཨིན་རུང་ ས་གནས་ཅིག་ནང་ར་ གནས་སོར་འགྱོ་བ་ཅིན་ ཉིན་འཐུས་བརྒྱ་ཆ་༥༠ བྱིན་དོ་ཡོདཔ་ད་ བཅའ་ཁྲིམས་ནང་ སྡེ་རིམ་ཆུང་བ་ལས་ དྲུང་ཆེན་ཚུན་ ཉིན་འཐུས་དངུལ་ཀྲམ་༡,༠༠༠ ལས་༢,༠༠༠ གི་བར་ན་ སྤྲོད་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།

གཞུང་གིས་ དུས་ཅི་ སྤྱི་ཟླ་༩ པ་ལས་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ སྤྱི་གཡོག་གི་ སྡེ་རིམ་ག་ར་ལུ་ འདྲན་འདྲ་སྦེ་ དངུལ་ཀྲམ་༥༠༠ རེ་ བཟོ་ཡོདཔ་ཨིན་པས།

ནད་ཡམས་ཀོ་བིཌ་-༡༩འི་ གདོང་ལེན་ལུ་ སྒྲིག་གཡོག་རྒྱུག་མི་ འགོ་དཔོན་ཚུ་ གལ་སྲིད་ འཕྲོ་མཐུད་དེ་ ཟླཝ་༦ གི་རིང་ སྒྲིག་གཡོག་རྒྱུག་དགོཔ་རེ་ བྱུང་པ་ཅིན་ རང་སོའི་སྡེ་རིམ་དང་འཁྲིལ་ཏེ་ སྟབས་གཅིག་ལག་སྤྲོད་སྦེ་ དངུལ་ཀྲམ་༡༥,༠༠༠ རེ་ བྱིན་ཡོདཔ་ཨིན་པས།

སྤྱི་གཡོགཔ་ཚུ་གི་ ངལ་གསོའི་འགྲུལ་འཐུས་ཚུ་ཡང་ སང་ཕོད་སྤྱི་ཟླ་དང་པ་ལས་༣ པའི་ ནང་འཁོད་ལུ་ བྱིན་ནི་སྦེ་ དངུལ་རྩིས་བློན་པོ་གིས་ གསལ་བསྒྲགས་ནང་བཀོད་ནུག།

འཆར་དངུལ་ལངམ་མེད་མིའི་ཐད་ལུ་ དངུལ་རྩིས་བློན་པོ་གིས་འབད་བ་ཅིན་ འགྲུལ་འཐུས་དང་ ཉིན་འཐུས་ཀྱི་ འཆར་དངུལ་ཚུ་ རྩིས་ལོ་༢༠༢༠-༢༡ འཆར་དངུལ་དཔྱ་བགོ་བཅའ་ཁྲིམས་ནང་ བགོ་བཀྲམ་འབད་དེ་ཡོདཔ་ལས་ གཞུང་གིས་ ཁ་སྐོང་འཆར་དངུལ་ཚུ་ འཚོལ་ཞིབ་འབད་དགོཔ་མེད་ཟེར་ཨིནམ་ད་ ཧེ་མ་ལས་ བགོ་བཀྲམ་འབད་མི་ ཏི་རུ་བྱིནམ་མ་གཏོགས་ ཁ་སྐོང་ཐེབས་སྤྲོད་ནི་མེད་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ཀོ་བིཌ་-༡༩ འི་ གནས་སྟངས་ཞི་ནི་ལུ་ བརྡ་མཚོན་མེདཔ་ལས་ ལས་སྡེ་དང་ ལས་ཁུངས་ཚུ་གིས་ རྒྱུན་སྐྱོང་ཟད་འགྲོ་ཚུ་ ལོ་བསྟར་གནང་བྱིན་སྦེ་ བགོ་བཀྲམ་འབད་མིའི་ ནང་འཁོད་ལུ་ གཏང་དགོ་ཟེར་ཨིན་པས།

དངུལ་རྩིས་ལྷན་ཁག་གིས་ བཀོད་མིའི་ནང་ འཆར་དངུལ་ལས་སྡེ་དང་ ལས་ཁུངས་ཚུ་ལུ་ ཁ་སྐོང་འཆར་དངུལ་ཚུ་ ངོས་ལེན་མི་འབད་ཟེར་ཨིན་པས།

དངུལ་རྩིས་བློན་པོ་གིས་ མི་སྡེ་དཔལ་འབྱོར་ཡར་དྲག་གཏང་ནི་དང་ ཞབས་ཏོག་ལས་སྡེ་ཚུ་ལུ་ རྒྱབ་སྐྱོར་བྱིན་ཐབས་ལུ་ སྡེ་ཚན་ཞལ་འཛོམས་དང་ གྲོས་འཛོམས་ དེ་ལས་ སྦྱོང་བརྡར་ལ་སོགས་པ་ཚུ་ རྒྱལ་ཡོངས་གཞུང་ཆས་ལས་ཁུངས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་ཡོད་མི་ ཟ་ཁང་ཚུ་ནང་ འགོ་འདྲེན་འཐབ་དགོ་ཟེར་བཀོད་ནུག།

དངུལ་རྩིས་ལྷན་ཁག་གིས་ ཉེན་ཁ་ཅན་གྱི་ གནས་སྟངས་ནང་ འཆར་དངུལ་ལས་སྡེ་ཚུ་ལུ་ ཚད་གཅིག་ལས་བརྒལ་མེད་པའི་ མི་མང་གི་ འཐོན་ཁུངས་ཚུ་ ཚད་ལྡན་དང་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་ནི་ལུ་ ངེས་བརྟན་བཟོ་དགོཔ་སྦེ་ ཞུ་བ་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *