ཞི་གཡོགཔ་ཉུང་སུ་དང་ འཇོན་ཐངས་ཅན་ བཞག་ནི་ལུ་གདོང་ལེན།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་གི་ མི་སྟོབས་ཆུང་སུ་དང་ ཕན་ནུས་ཅན་ དེ་ལས་ འཇོན་ཐངས་ཅན་ བཟོ་ནི་ལུ་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ གཞུང་གི་སྲིད་བྱུས་ བསྒྱུར་བཅོས་འབད་མི་དང་འཁྲིལ་ཏེ་ དང་ལེན་འབད་དགོཔ་ལས་ དམིགས་ཡུལ་འགྲུབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦-༡༧ ཅན་མའི་ནང་ གསལ་བཀོད་འབད་ཡོདཔ་ད་ ད་རེས་ནངས་པར་ ན་གཞོན་ག་ར་གིས་ ཞི་གཡོག་ནང་ འཛུལ་ནི་གི་ དང་འདོད་བསྐྱེད་མི་ལུ་བརྟེན་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་མ་ཐོབ་པའི་ གནས་སྟངས་དེ་ སྐྱོ་དྲགས་ཐལ་ཡོད་མི་དེ་གིས་ ལྷན་ཚོགས་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ འབྲུག་མི་༢༧ ལུ་ ཞི་གཡོག་རེ་ཡོད་མི་དེ་ རྒྱལ་ཁབ་གཞན་ཚུ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ ཞི་གཡོག་པའི་གྱངས་ཁ་ མཐོ་ཤོས་ཅིག་སྦེ་ར་ཡོདཔ་བཞིན་དུ་ གཞུང་གིས་ གྲྭ་ཚང་ཁག་ཚུ་ནང་ ཨིང་སྐད་ཀྱི་ སློབ་སྟོན་པ་༢༠༠ དེ་ཅིག་ བཙུགས་ནི་གི་ འཆར་གཞི་དང་ སྲིད་བྱུད་ཡོད་མི་དེ་གིས་ཡང་ ཞི་གཡོག་པའི་གྱངས་ཁ་ ཡར་སེང་འགྱོ་ནི་མས་ཟེར་ བཀོད་ནུག།
ལྷན་ཚོགས་ཀྱི་ ཚ་གྱང་གཅིགཔོ་དེ་ ཞི་གཡོག་གི་ གནས་རིམ་ལ་ལོ་ཅིག་ནང་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ལས་ ཞི་གཡོགཔ་གྱངས་ཁ་ཉུང་སུ་སྦེ་ རྒྱུན་འཛིན་འབད་ནི་ལུ་ ཐོ་ཕོགཔ་མས་ཟེར་ སྙན་ཞུ་ནང་ གསལ་བཀོད་འབད་ནུག།
དེ་གིས་མ་དོ་བར་ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་ གནང་མི་ལུ་བརྟེན་ ཞི་གཡོག་པའི་གྱངས་ཁ་ ཡར་སེང་འགྱོ་ནི་གི་ འོས་འབབ་ཡོད་མི་དེ་ཡང་ རྒེད་འོག་གི་ བཀོལ་སྤྱོད་སྣུམ་འཁོར་གྱི་ དེད་གཡོགཔ་༢༠༥ གསར་བཙུགས་འབད་དགོཔ་ལས་ ལོ་བསྟར་བཞིན་དུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༠.༣༤ དེ་ཅིག་ གནས་ནི་མས་ཟེར་ཨིན་མས།
མི་སྟོབས་འགོ་དཔོན་ཚུ་ ལྷན་ཚོགས་དང་ ལས་སྡེ་ཚུ་ནང་ འགོ་དཔོན་གཙོ་ཅན་ཅིག་སྦེ་ བརྩི་འཇོག་འབད་མི་དེ་ཡང་ མི་མང་གི་ཞབས་ཏོག་ མང་ཤོས་ར་ ཁོང་གིས་འབད་དོ་ཡོདཔ་ལས་ ཞི་གཡོགཔ་ཚུ་ འཇོན་ཐངས་ཅན་སྦེ་ བཟོ་ནི་ལུ་ ལཱ་ཁག་གཏང་ནི་མས་ཟེར་ སྙན་ཞུ་ནང་བཀོད་ནུག།
ན་ཧིང་ ཞི་གཡོགཔ་ཡར་སེང་གི་ ལོ་བསྟར་ཚད་གཞི་དེ་ བརྒྱ་ཆ་༠.༨༦ རྐྱངམ་གཅིག་ཨིན་རུང་ དུས་ཅི་ བརྒྱ་ཆ་༤.༨༠ ལུ་ ཡར་སེང་སོང་ཡོད་མི་དེ་ཡང་ གཞུང་གིས་ ཁ་འབག་གི་ཐོག་ལུ་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེ་ནང་ ཞིབ་འཚོལ་ལས་རོགསཔ་་དང་ སློབ་གྲྭ་ཁག་ལས་ཕར་ བུཚ་དང་ བུམོ་བདག་འཛིན་པ་ དེ་ལས་ རྩེད་རིགས་སློབ་སྟོན་པ་ཚུ་ བཙུགས་མི་ལུ་བརྟེན་ཨིན་པས།
དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ མི་༡,༢༣༨ དེ་ཅིག ཞི་གཡོག་ནང་ གསར་བཙུགས་འབད་མི་ལས་ ཞི་གཡོགཔ་༦༣༠ ལས་སྡེ་སོ་སོ་ཚུ་ནང་ གནས་སོར་བཏང་ཡོད་པའི་ཁར་ ད་རེས་ནངས་པར་ རྒྱལ་ཁབ་ནང་ ཁག་འབགཔ་༢,༢༣༩ དང་ གཏནའཇགས་ཀྱི་ ཞི་གཡོགཔ་༢༥,༩༨༡ བརྩིས་ཏེ་ ཞི་གཡོགཔ་བསྡོམས་༢༨,༢༢༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *