རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ལྷ་མོ་རྡོ་རྗེ་དང་ མཁས་དབང་ཀརྨ་ཕུན་ཚོགས་ཀྱི་བར་ན་ གྲོས་བསྡུར་འབད་བའི་བསྒང་།

ཞི་གཡོགཔ་ཉུང་སུ་དང་ ཕན་ནུས་ཅན་སྦེ་ བཞག་ནི་ལུ་ གདོང་ལེན་ཡོདཔ།

༉ རྒྱལ་ཁབ་ནང་ ལཱ་གཡོག་སྤྲོད་མི་ ལས་སྡེ་སྦོམ་ཤོས་ཅིག་ཨིན་མི་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཉུང་སུ་དང་ ཕན་ནུས་ཅན་ དེ་ལས་ འཇོན་ཐངས་ཅན་སྦེ་ བཞག་ནི་ལུ་ གདོང་ལེན་ཅན་ཅིག་སྦེ་ར་ ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢ ལུ་ ཐིམ་ཕུག་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ ཞི་གཡོག་ལས་འབྲེལ་ཟེར་བའི་ བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་མི་ འབྲུག་གི་གྲོས་བསྡུར་ལས་རིམ་ནང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ལྷ་མོ་རྡོ་རྗེ་གིས་ ད་རེས་ ཞི་གཡོགཔ་༢༩,༠༠༠ ལྷགཔ་ཅིག་ཡོདཔ་ལས་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ གཞུང་སྐྱོང་དེ་ མགུ་རྙོགས་དྲགས་ཡོད་པའི་ཁར་ ལམ་ལུགས་རྩ་བརྟན་བཟོ་ནི་གི་དོན་ལུ་ བརྩོན་ཤུགས་དང་ ལེགས་བསྒྱུར་ལེ་ཤ་འབད་དགོཔ་མ་ཚད་ ཐབས་ལམ་གསརཔ་ བཏོན་ནི་དང་ གོང་འཕེལ་གྱི་ ལས་དོན་གསརཔ་ བརྩམ་དགོཔ་ལས་ ཞི་གཡོགཔ་ཉུང་སུ་དང་ ཕན་ནུས་ཅན་ འཇོན་ཐངས་ཅན་སྦེ་ བཞག་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
མ་གཞི་ ཞི་གཡོག་གི་ མི་སྟོབས་སྒྲིང་སྒྲི་དང་ རྩ་བརྟན་སྦེ་ བཞག་དགོཔ་ཨིན་རུང་ སྲིད་བྱུས་བསྒྱུར་བཅོས་འགྱོ་ནི་དེ་གིས་ དོ་འགྲན་བྱུངམ་མས་ཟེར་ ཁྲི་འཛིན་གྱིས་ བཤད་ནུག།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་གྱིས་ དཔེ་དང་འདྲཝ་སྦེ་ སླབ་མིའི་ནང་ གཞུང་གིས་ ཨ་ལོ་གཅེས་སྐྱོང་དང་ ཡར་སྐྱེད་ལྟེ་བ་གཞི་བཙུགས་དང་ སློབ་གྲྭ་ལྟེ་བ་གཞི་བཙུགས་འབད་བའི་སྐབས་ མི་སྟོབས་གསརཔ་བཙུགས་དགོཔ་ཚུ་ ཞི་གཡོག་ལྷན་ཚོགས་ཀྱིས་ བཅའ་སྒྲིག་རྐྱབ་དགོ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྨན་ཁང་གསརཔ་གཞི་བཙུགས་འབདཝ་ད་ སྲིད་བྱུས་བརྩམ་དགོཔ་མ་ཚད་ སྲིད་བྱུས་དང་བསྟུན་པའི་ མི་སྟོབས་དགོཔ་བཞིན་དུ་ གཞུང་གིས་ བཅའ་ཁྲིམས་འཕྲི་སྣོན་འབད་མི་དང་འཁྲིལ་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་པའི་སྐབས་ ལྷན་ཚོགས་ཀྱིས་ འགན་ཁུར་ཐེབས་འབག་སྟེ་ མི་སྟོབས་བཙུགས་དགོཔ་ ཐོནམ་མས་ཟེར་ ཁྲི་འཛིན་གྱིས་བཤད་ནུག།
ལས་རིམ་དང་ སྲིད་བྱུས་གསརཔ་ག་དེ་སྦེ་འོང་རུང་ ལྷན་ཚོགས་ཀྱི་ཧོངས་ལས་ རྒྱུ་མཚན་དང་ལྡནམ་སྦེ་ ཞབས་ཏོག་སྤྲོད་ཐབས་ལུ་ མི་སྟོབས་གསརཔ་བཙུགས་དོ་ཟེར་ཨིནམ་ད་ ལས་གཡོགཔ་ཚུ་གིས་ ཁུངས་ལྡནམ་སྦེ་ ཕྱག་ཞུ་ཚུགསཔ་བཟོ་ནི་དང་ ལྷག་པར་དུ་ གནས་སྟངས་དང་བསྟུན་ཏེ་ ལས་མི་བཙུགས་དོ་ཡོདཔ་ལས་ ཞབས་ཏོག་བྱིན་ནིའི་ནང་ དཀའ་ངལ་མེད་ཟེར་ བཤདཔ་ཨིན་པས།
གཞུང་སྐྱོང་གིས་ ཆ་འཇོག་གྲུབ་སྟེ་ ལྷན་ཚོགས་ལུ་ ལཱ་གཡོག་སྤྲོད་ནིའི་ དབང་ཚད་ཧྲིལ་བུ་མེད་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༡༣ དང་༢༠༡༨ ལུ་ ཞི་གཡོགཔ་༣,༥༠༠ ཡར་སེང་སོང་མི་དེ་ཡང་ རྒེད་འོག་རེའི་ནང་ སྣུམ་འཁོར་བོ་ལི་རོ་རེ་བྱིན་མི་དེ་ གཞུང་གི་ སྲིད་བྱུས་ལུ་བརྟེན་ཨིན་ཟེར་ ཁྲི་འཛིན་གྱིས་བཤད་ནུག།
གཞུང་སྐྱོང་གི་ ཕྱག་འགན་དེ་ གཙོ་བོ་རིམ་དང་འཁྲིལ་ སྲིད་བྱུས་དང་ གོང་འཕེལ་གྱི་ འཆར་གཞི་ལས་རིམ་ཚུ་ བསྟར་སྤྱོད་འབད་ནི་ བརྩོན་ཤུགས་བསྐྱེད་དགོཔ་ཡོད་མི་ ལས་རིམ་ཚུ་ གཙོ་རིམ་བཟོ་ནི་དེ་ཨིནམ་བཞིན་དུ་ ཞི་གཡོགཔ་ཚུ་གི་ འགན་ཁུར་དེ་ བཅའ་ཁྲིམས་དང་ སྒྲིག་གཞི་ཚུ་ནང་ཚུད་དེ་ཡོད་མི་ཚུ་དང་འཁྲིལ་ སྲིད་དོན་འགོ་དཔོན་ཚུ་ལུ་ རྒྱབ་སྐྱོར་ཕུལ་ནི་དེ་ཨིན་ཟེར་ བཤདཔ་ཨིན་པས།
གལ་སྲིད་ མ་འོངས་པའི་ གཞུང་སྐྱོང་གིས་ སྣུམ་འཁོར་བོ་ལི་རོ་དེ་ དགོས་མཁོ་མེདཔ་སྦེ་ ཐག་བཅད་པ་ཅིན་ དེད་གཡོགཔ་ཚུ་གི་ ལཱ་འགན་དེ་ཡང་ མཇུག་བསྡུ་ནི་ཨིནམ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དེད་གཡོགཔ་མང་ཤོས་ཅིག་གི་དོན་ལུ་ ཁག་འབག་གི་ གནས་ཡུན་ཅིག་ བཟོ་དགོཔ་འོང་ཟེར་ཨིནམ་ད་ དེ་ཡང་ ཁག་འབག་གི་ གནས་ཡུན་ཚང་ཞིནམ་ལས་ དེད་གཡོགཔ་ཚུ་ དགོངས་ཞུ་འབད་ཐབས་ལུ་ཨིན་པས།
ཁྲི་འཛིན་གྱིས་འབད་བ་ཅིན་ གཞུང་གི་སྲིད་བྱུས་བསྒྱུར་བཅོས་འབད་མི་དང་ སློབ་དཔོན་གྱི་ མཁོ་འདོད་བཀོད་མི་ མང་སུ་ཡོད་རུང་ བཙུགས་སའི་ ས་གོ་མེདཔ་ལས་ ད་རིས་ སློབ་དཔོན་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ཡང་ སློབ་དཔོན་ཚུ་ དགོངས་ཞུ་འབད་མི་ ཡང་ཅིན་ ལ་ལོ་ཅིག་ དངུལ་ཕོགས་མེད་པའི་ ཡུན་རིང་གི་ ངལ་གསོ་ལེན་སྡོད་མི་ཚུ་གི་ ས་སྟོང་བསུབ་ཐབས་ལུ་ ལྷན་ཚོགས་ཀྱིས་ གནས་སྐབས་ཅིག་གི་དོན་ལུ་ ཁག་འབགཔ་སྦེ་ སློབ་དཔོན་༣༠༠ དེ་ཅིག་ལེན་ཡོད་རུང་ དེ་གིས་ཡང་ ལང་མ་ཚུགས་པར་ཡོད་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་དང་འཁྲིལཝ་ད་ མི་སྟོབས་ཁ་སྐོང་དགོཔ་སྦེ་ འཐོན་ནི་ཨིནམ་ལས་ མི་སྟོབས་ཀྱི་དོན་ལུ་ ཞི་གཡོགཔ་གསརཔ་གདམ་འཐུ་འབད་ནི་མེན་པར་ ལས་སྡེ་ཁག་ལས་དགོཔ་ཅིག་ ལེན་ནི་ཨིན་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
དེ་འབདཝ་ལས་ རྫོང་ཁག་ལས་ཕར་ གནད་དོན་དེ་གི་སྐོར་ལས་ ལྟ་རྟོག་དང་ ཞིབ་འཚོལ་ཚུ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཁྲོམ་སྡེ་དང་ རྒེད་འོག་ དེ་ལས་ ལས་སྡེ་ཁག་ཚུ་དང་ གྲོས་བསྟུན་འབད་ནི་ཨིན་པས།
ཀརྨ་ལྷ་མུ་རྡོ་རྗེ་གིས་འབད་བ་ཅིན་ མ་འོངས་ལོ་༡༥ ནང་ལས་ཕར་ ཞི་གཡོགཔ་ཚུ་ རྩ་བརྟན་དང་ སྒྲིང་སྒྲི་སྦེ་ གཞི་བཙུགས་འབད་ཚུགས་ནི་ཨིནམ་ལས་ རྒྱལ་ཁབ་ནང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ མི་རློབས་༧༣༥,༥༥༣ ཡོདཔ་བཞིན་དུ་ ཞི་གཡོགཔ་རེ་གིས་ མི་གྲངས་༢༥ ལུ་ ཕྱག་ཞུ་དོ་ཟེར་ ལོ་བསྟར་སྙན་ཞུ་གསར་བཏོན་འབད་མིའི་ནང་ བཀོད་ཡོདཔ་ད་ སྤྱི་ལོ་༢༠༡༩ ཟླ་༡ པའི་ཚེས་༣༡ ཚུན་ རྒྱལ་ཁབ་ནང་ ཞི་གཡོགཔ་བསྡོམས་༢༩,༤༤༢ ཡོད་མི་ལས་ གནས་སྐབས་ཀྱི་ ཞི་གཡོགཔ་༣,༠༨༧ ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༨ ཟླ་༦ པ་ཚུན་ ཞི་གཡོག་༢༨,༩༧༣ དེ་ཅིག་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *