ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོགཔ་ཚུ་ གཞུང་དབང་ལས་འཛིན་ཚུ་ནང་ སྐབས་གཡོག་གཏང་ནི།

༉ ཞི་གཡོག་ལྷན་ཚོགས་ཀྱིས་ སྡེ་རིམ་པི་དང་པ་ལས་ མཁས་མཆོག་གི་ གོ་གནས་འཆང་མི་ ཞི་གཡོགཔ་ཚུ་ དངུལ་རྩིས་ལྷན་ཁག་འོག་གི་ གཞུང་དབང་ལས་འཛིན་ཚུ་ནང་ སྐབས་གཡོག་གཏང་ནི་སྦེ་ ཐག་བཅད་ནུག།

ལྷན་ཚོགས་ཀྱི་ གསལ་བསྒྲགས་དང་འཁྲིལ་བ་ཅིན་ འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མའི་ སྐབས་གཡོག་གི་ སྲིད་བྱུས་དང་འཁྲིལ་ཏེ་ འགོ་ཁྲིད་པའི་གོ་གནས་ནང་ མཐོ་ཤོས་ར་ ལོ་༣ གྱི་རིང་ གཏང་ནི་ཨིན་པས།

ལྷན་ཚོགས་ཀྱིས་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ལྷན་ཚོགས་ཀྱི་ཞལ་འཛོམས་ ཐེངས་༡༥༣ འཚོགས་པའི་སྐབས་ གྲོས་ཐག་བཅད་ཡོདཔ་ད་ སྐབས་གཡོག་དེ་ ཟླ་༩ པའི་ཚེས་༩ ལས་ བསྟར་སྤྱོད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།

འབྲུག་གི་ཞི་གཡོག་བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དང་འཁྲིལ་བ་ཅིན་ སྐབས་གཡོག་དེ་ཡང་ དུས་བཀག་ཡོད་པའི་ གཞུང་གིས་ལག་ལེན་འཐབ་པའི་ ལས་འགུལ་ཚུ་དང་ རྒྱལ་ཡོངས་ཀྱི་མཐའ་དོན་ལུ་ མི་མང་ཞབས་ཏོག་གི་ གསར་གཏོད་ཚུ་ནང་དང་ འབྲུག་ནང་འཁོད་དང་ ཡང་ཅིན་ ཕྱི་རྒྱལ་ལུ་ཡོད་པའི་ རྒྱལ་སྤྱིའི་ལས་ཚོགས་དང་ ཡང་ཅིན་ གཞན་ལས་ཚོགས་ཚུ་གཏང་དགོཔ་སྦེ་ ཡོདཔ་ཨིན་པས།

དེ་མ་ཚད་ བཅའ་ཡིག་ནང་ གསར་བཙུགས་འབད་ཚརཝ་ཅིག་ཨིན་པའི་ སློབ་གྲྭ་ཚུ་ནང་ སློབ་གྲྭའི་དབུ་འཛིན་ཚུ་དང་ གཞན་ཁྱད་རིག་ལས་གཡོགཔ་ཚུ་ སྒེར་གྱི་ཆེ་རིམ་ཤེས་ཡོན་སྤེལ་ཁང་ཚུ་ནང་ ཞི་གཡོགཔ་ཚུ་ སྐབས་གཡོག་ནང་ གཏང་དགོཔ་སྦེ་ ཡོདཔ་ཨིན་པས།

ལྷན་ཚོགས་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་དབང་ལས་འཛིན་ཚུ་ནང་ སྐབས་གཡོག་ནང་ གཏང་པ་ཅིན་ ཞི་གཡོགཔ་ཚུ་ལུ་ ཞི་གཡོག་ནང་ ཁྱད་རྩལ་དང་ ཉམས་མྱོང་གི་ ཁེ་ཕན་འཐོབ་ནི་ཨིན་པའི་ཁར་ དགོས་མཁོ་ཆེ་བའི་ལམ་ལུགས་ མ་འདྲཝ་ཚུ་གི་ ལྟ་རྒྱ་མཐོང་རྒྱ་འཐོབ་ཚུགས་མ་ཚད་ ཉམས་མྱོང་དང་ ཤེས་ཡོན་རྒྱ་སྐྱེད་གཏང་ཐབས་དང་ རྒྱལ་ཁབ་ནང་ གནས་བཞིན་ཡོད་པའི་ མི་སྡེ་དང་ལམ་སྲོལ་ དཔལ་འབྱོར་གནས་སྟངས་ཚུ་ལུ་ ངལ་རངས་བསྐྱེད་བཅུག་ནི་དོན་ལུ་ཨིན་པས།

ལྷན་ཚོགས་ཀྱིས་ བཀོད་མིའི་ནང་ སྐབས་གཡོག་ནང་ བཏང་ཡོད་པའི་ཞི་གཡོགཔ་དེ་ ལོག་འོང་ཞིནམ་ལས་ སྐབས་གཡོག་གི་ དུས་ཡུན་དང་འདྲ་མཉམ་སྦེ་ ཕྱག་ཞུ་དགོཔ་ད་ གལ་སྲིད་ ཞི་གཡོགཔ་དེ་གིས་ སྐབས་གཡོག་མཇུག་བསྡུ་བའི་ཤུལ་ལས་ དགོས་མཁོ་ཅན་གྱི་ དུས་ཡུན་ཚུན་ ཕྱག་མ་ཞུ་བ་ཅིན་ ཁོ་/མོ་གིས་ ཉེས་བྱ་དེ་ཡང་ དངུལ་ཕོགས་ལོག་ལྟབ་སྦེ་ བཏབ་དགོཔ་དགོ་ཟེར་ཨིན་པས།

དེ་བཟུམ་སྦེ་ གལ་སྲིད་ སྡེ་རིམ་པི་དང་པ་དང་ མཁས་མཆོག་གི་ ས་སྟོང་རེ་ འཐོན་པ་ཅིན་ ཞུ་ཡིག་བཙུགས་དགོཔ་ད་ བཙག་འཐུ་འགྲུབ་པ་ཅིན་ སྐབས་གཡོག་ནང་འགྱོ་དགོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *