ཞི་གཡོག་ལེགས་བསྒྱུར་དཔྱད་ཡིག་གིས་ ལྷན་ཁག་༩ ལུ་ མར་ཕབ་འབད་ནིའི་གྲོས་འཆར།

༉ གནམ་དགུན་གྱི་ སྤྱི་ཚོགས་ནང་ ཞི་གཡོག་ལེགས་བསྒྱུར་དཔྱད་ཡིག་༢༠༢༢ ཅན་མ་དེ་ ཆ་འཇོག་གྲུབ་པ་ཅིན་ ད་ལྟོ་ གཞུང་གི་ལྷན་ཁག་༡༠ ཡོད་མི་དེ་༩ ལུ་ མར་ཕབ་འགྱོ་ནི་ཨིན་པས།

ལྷན་ཁག་ཚུ་གི་ མིང་གནས་བསྒྱུར་བཅོས་དང་ ལས་ཁུངས་ཁག་དང་ ལས་སྡེ་ཚུ་ ལོག་གཞི་བསྒྱུར་འབད་ནིའི་ གྲོས་འཆར་བཀོད་མི་དེ་ཡང་ མ་འོངས་པའི་ མདུན་ལམ་ལུ་ ཚུལ་ལྡན་སྦེ་ ཞུགས་ནི་དང་ དུས་ཚོད་ཀྱི་ འཕོ་འགྱུར་དང་འཁྲིལ་ ངོས་ལེན་འབད་ཐབས་ལུ་ཨིན་པས།

དཔྱད་ཡིག་ཟིན་བྲིས་དང་འཁྲིལ་བ་ཅིན་ ལྷན་ཁག་དང་ ལས་ཁུངས་ དབང་འཛིན་དག་པ་ཅིག་ མཉམ་སྡེབ་དང་ ལ་ལོ་མེདཔ་བཟོ་ཡོདཔ་བཞིན་དུ་ ལ་ལོ་གསརཔ་བཟོ་ནུག།

ལས་མི་ལྷན་ཁག་དང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ བསྟན་རྒྱས་ལྷན་ཁག་༣ མཉམ་སྡེབ་ཐོག་ བཟོ་གྲྭ་དང་ ཚོང་འབྲེལ་ ལཱ་གཡོག་ལྷན་ཁག་སྦེ་ བཟོ་ནིའི་དོན་ལུ་ གྲོས་འཆར་བཀོད་ཡོདཔ་ད་ ལྷན་ཁག་དེ་གིས་ ལཱ་གཡོག་དང་ལས་མི་ བཟོ་གྲྭ་ ཚོང་འབྲེལ་ བཟོ་གྲྭའི་རྒྱུ་དངོས་ བརྡ་དོན་དང་ བརྡ་བརྒྱུད་དང་འབྲེལ་བའི་ འགན་འཁྲི་འབག་ནི་ཨིན་པས།

མིང་གསརཔ་བཏགས་མི་ ལྷན་ཁག་འདི་གི་འོག་ལུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་དེ་ དོ་འགྲན་དང་ཉོ་སྤྱོད་ལས་དོན་དབང་འཛིན་སྦེ་ བྱ་སྒོ་འཐབ་ནི་ཨིནམ་ད་ འབྲུག་ལྟ་བཤལ་ཚོགས་སྡེ་དེ་ ལོག་སྟེ་ར་ ལྟ་བཤལ་ལས་ཁུངས་སྦེ་ བཟོ་ཡོདཔ་བཞིན་དུ་ འབྲུག་གནས་ཚད་བཀོད་འཛིན་དང་ ཚོང་སྡེ་ཐོ་འཛིན་ཡིག་ཚང་༢ ལྷན་ཁག་དེ་གི་འོག་ལུ་ བཞག་ནི་ཨིན་པས།

དེ་ལས་ གློག་བརྙན་ལྷན་ཚོགས་དང་ བརྡ་བརྒྱུད་ཚོགས་སྡེ་༢ མཉམ་སྡེབ་འབད་དེ་ ཡར་བསྐྱར་དུ་ འབྲུག་བརྡ་དོན་བརྒྱུད་འབྲེལ་དང་བརྡ་བརྒྱུད་དབང་འཛིན་གྱི་ ཁྱབ་དབང་འོག་ལུ་ བཞག་ནི་ཨིན་པས།

ད་ལྟོའི་ སོ་ནམ་དང་ནགས་ཚལ་ལྷན་ཁག་དེ་ ལྷན་ཁག་གཉིས་སྦེ་ བཟོ་ཡོད་མི་དེ་ཡང་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གསརཔ་གིས་ སོ་ནམ་དང་ སྒོ་ནོར་ ཚོང་འབྲེལ་དང་མཉམ་ལས་ སྐྱེ་ལྡན་རིགས་སྣ་ཚུ་གི་ བྱ་སྒོ་འཐབ་ནི་ཨིནམ་ད་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གིས་ ནགས་ཚལ་དང་ གླིང་གའི་གནད་དོན་ཚུ་ བལྟ་ནི་ཨིན་པས།

རྒྱལ་ཡོངས་མཐའ་འཁོར་གནས་སྟངས་ལྷན་ཚོགས་དེ་ མཐའ་འཁོར་དང་གནམ་གཤིས་འགྱུར་བགྲོད་ལས་ཁུངས་སྦེ་ བསྒྱུར་བཅོས་དང་ ཆུ་ལས་ཁུངས་གསརཔ་བཟོ་ཡོདཔ་ད་ ལས་ཁུངས་གཉིས་ཆ་ར་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་འོག་ལུ་བཙུགས་ནུག།

ཞབས་ཏོག་ལྷན་ཁག་གི་ཚབ་ལུ་ རྟེན་གཞི་དང་སྐྱེལ་འདྲེན་ལྷན་ཁག་སྦེ་ བཟོ་ཡོདཔ་ད་ ལས་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་དང་ ལམ་སེལ་ལས་ཁུངས་༢ ས་ཐོག་སྐྱེལ་འདྲེན་ལས་ཁུངས་སྦེ་ མཉམ་སྡེབ་འབད་ནིའི་ གྲོས་འཆར་བཀོད་ནུག།

ལས་སེལ་ལས་ཁུངས་དང་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ དེ་ལས་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་༣ མཉམ་སྡེབ་ཐོག་ འབྲུག་བཟོ་སྐྲུན་དང་སྐྱེལ་འདྲེན་དབང་འཛིན་སྦེ་ བྱ་སྒོ་འཐབ་ནི་ཨིན་པས།

ཤེས་རིག་ལྷན་ཁག་དེ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ལུ་ མིང་གནས་བསྒྱུར་བཅོས་འབད་ཡོདཔ་ད་ ལྷན་ཁག་དེ་གིས་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་དང་སྦྱོང་བརྡར་ རིག་རྩལ་གོང་འཕེལ་ རྩ་གཞུང་དང་ སློབ་གྲྭ་ ན་གཞོན་དང་ རྩེད་རིགས་ཚུ་ ལྟ་རྟོག་འབད་ནི་ཨིན་པས།

རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་ཡིག་ཚང་དེ་ཡང་ ཤེས་རིག་དང་རིག་རྩལ་གོང་འཕེལ་ལྷན་ཁག་འོག་ལུ་ བྱ་སྒོ་འཐབ་ནི་ཨིནམ་ད་ འབྲུག་གསོ་བ་དང་འཕྲོད་བསྟེན་ཚོགས་སྡེ་དང་ འབྲུག་ངོ་སྦྱོར་བཀོད་ཚོགས་ འཕྲུལ་རིག་ཚོགས་སྡེ་ ཆེ་རིམ་ཤེས་རིག་བཀོད་ཚོགས་ ལས་གཡོག་གནས་ཚད་ལས་ཁུངས་ཚུ་ མཉམ་སྡེབ་འབད་དེ་ འབྲུག་ཤེས་ཚད་དང་ ཁྱད་རིག་ངོ་སྦྱོར་དབང་འཛིན་སྦེ་བཟོ་ནུག། 

ནང་སྲིད་དང་སྲོལ་འཛིན་ལྷན་ཁག་དེ་ ནང་སྲིད་ལྷན་ཁག་སྦེ་ མིང་བཏགས་ཡོདཔ་ད་ ལྷན་ཁག་དེ་གི་འོག་ལུ་ ལམ་སྲོལ་ལས་ཁུངས་དང་ རྫོང་ཁ་གོང་འཕེལ་ལྷན་ཚོགས་༢ མཉམ་སྡེབ་ཐོག་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་སྦེ་ བྱ་སྒོ་འཐབ་ནི་ཨིན་པས།

དེ་ལས་ ལྷན་ཁག་དེ་གི་འོག་ལུ་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་དང་ ས་གནས་གཞུང་ལས་ཁུངས་དེ་ ས་གནས་གཞུང་དང་རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ལུ་ མཉམ་སྡེབ་འབད་ནི་ཨིནམ་ད་ ལྷན་ཁག་གིས་ ཞི་བའི་ཐོ་བཀོད་དང་མི་རྩིས་ ནང་སྐྱོད་ བཀའ་ཁྲིམས་ལས་སྡེ་ཚུ་ ཚུདཔ་ཨིན་པས།

ཕྱི་འབྲེལ་ལྷན་ཁག་གི་འོག་ལུ་ ཕྱིར་ཚོང་བཙུགས་ཐོག་ལས་ ཕྱི་འབྲེལ་དང་ཕྱིར་ཚོང་ལྷན་ཁག་སྦེ་ མིང་བཏགས་ཡོདཔ་ད་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ ཕྱིའི་ཐོན་སྐྱེད་ལས་ཁུངས་གསརཔ་ཅིག་བཟོ་ནུག།

གསོ་ལྷན་ཁག་གི་འོག་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་དང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་ དེ་ལས་ སྨན་རིགས་རྒྱུན་བཀོད་དབང་འཛིན་ཚུ་ མཉམ་སྡེབ་ཐོག་ལས་ འབྲུག་ཟ་ཆས་དང་སྨན་རིགས་དབང་འཛིན་སྦེ་ བྱ་སྒོ་འཐབ་ནི་ཨིན་པས།

དེ་ལས་ བརྡ་དོན་འཕྲུལ་རིག་དང་བརྒྱུད་འཕྲིན་ལས་ཁུངས་དེ་ གཞུང་འཕྲུལ་རིག་ལས་སྡེ་སྦེ་ བསྒྱུར་བཅོས་འབད་ནི་ཨིནམ་ད་ ལས་སྡེ་དེ་གིས་ རྒྱལ་ཁབ་ནང་ བརྡ་དོན་དང་ བརྒྱུད་འབྲེལ་ འཕྲུལ་རིག་དང་འབྲེལ་བའི་ གནད་དོན་ཚུ་ནང་ བྱ་སྒོ་འཐབ་ནི་ཨིན་པས།

གལ་སྲིད་ སྤྱི་ཚོགས་ཀྱིས་ དཔྱད་ཡིག་དེ་ ཆ་འཇོག་གྲུབ་པ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་དེ་ འཆར་གཞི་དང་སྲིད་བྱུས་ལས་སྡེ་ལུ་ བསྒྱུར་བཅོས་ཐོག་ ལྷན་རྒྱས་གཞུང་ཚོགས་དྲུང་ཆེན་ཡིག་ཚང་གི་འོག་ལུ་ བཙུགས་ནི་ཨིན་པས།

སྤྱི་ཚོགས་༣ པའི་ཚོགས་ཐེངས་༨ པ་དེ་ སྤྱི་ཟླ་༡༡ པའི་ཚེས་༣ ལས་ འགོ་བཙུགས་ནི་གི་ ལས་འཆར་ཡོད་པའི་གནས་ཚུལ།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *