ཞི་གཡོག་ནང་ འཛུལ་འདོད་ཡོད་མི་ཚུ་ལུ་ སྨྱོ་རྫས་ལག་ལེན་འཐབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་ནི།

༉ ཞི་གཡོག་ལམ་ལུགས་ནང་ སྨྱོ་རྫས་འཆང་སྤྱོད་མེད་པའི་ ཞི་གཡོགཔ་ཚུ་ བཞག་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་ནང་ འཛུལ་ནི་གི་ དང་འདོད་ཡོད་མི་ཚུ་ལུ་ དང་པ་ར་ སྨྱོ་རྫས་ལག་ལེན་འཐབ་ཡོད་མེད་ བརྟག་དཔྱད་འབད་ནི་གི་ ལམ་ལུགས་ཅིག་ འགོ་བཙུགས་ནི་ཨིན་པས།
དེ་མ་ཚད་ ཞི་གཡོག་ནང་ ལཱ་འབད་མི་ཚུ་ལུ་ཡང་ སྨྱོ་རྫས་ཀྱི་ བརྟག་དཔྱད་འབད་ནི་ཨིནམ་ད་ ལམ་ལུགས་དེ་ཡང་ སྤྱི་ལོ་༢༠༡༨ ཀྱི་ ཟླ་དང་པ་ལས་ འགོ་བཙུགས་ནི་གི་ ལས་འཆར་ཡོདཔ་ཨིན་པས།
སྨྱོ་རྫས་སྤྱོད་མ་སྤྱོད་ཀྱི་ བརྟག་དཔྱད་དེ་ཡང་ ཞི་གཡོགཔ་ཚུ་གི་ ཀུན་སྤྱོད་རྣམ་གཞག་༢༠༡༠ ཅན་མའི་ དོན་ཚན་༣༨ པ་དང་༣༩ པ་དང་ དེ་ལས་ ཞི་གཡོག་པའི་ བཟང་སྤྱོད་རྣམ་གཞག་གི་ ལེའུ་༣ པ་ དང་འཁྲིལ་ཏེ་ འབད་ནི་ཨིན་པས།
འབྲུག་གི་ཞི་གཡོག་བཅའ་ཡིག་དང་ སྒྲིག་གཞི་༢༠༡༢ ཅན་མའི་ དོན་ཚན་༣.༢.༢༥ པ་དང་འཁྲིལཝ་ད་ ལཱ་འབད་སའི་ ས་ཁོངས་ནང་ སྨྱོ་རྫས་ལག་ལེན་འཐབ་ནི་ལས་ འཛེམ་དགོ་པའི་ཁར་ ཡིག་ཚང་གི་ དུས་ཚོད་རྫོགས་ཏེ་ སྨྱོ་རྫས་ཀྱི་རིགས་དང་ ཆང་འཐུང་པ་ཅིན་ དུས་རྒྱུན་བྱ་སྤྱོད་དང་ ཡང་ཅིན་ མི་གཞན་གྱི་ ཉེན་སྲུང་ལུ་ བར་ཆད་རྐྱབ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་མདོ་ཆེན་ བཀྲིས་དཔལམོ་གིས་ སླབ་མིའི་ནང་ ཞི་གཡོགཔ་ཚུ་གིས་ གྲོས་ཐག་བཅད་ནི་དང་ དང་ལེན་འབད་ནི་ལུ་ རང་སོའི་ལཱ་འགན་དང་ འགན་འཁྲི་ཚུ་ འབག་དགོཔ་ལས་ གལ་སྲིད་ སྨྱོ་རྫས་ལག་ལེན་འཐབ་པ་ཅིན་ ཞབས་ཏོག་མཁོ་སྤྲོད་འབད་ནི་ལུ་ ཐོ་ཕོག་ཉེན་ཡོད་ཟེར་ཨིནམ་ད་ ཞི་གཡོགཔ་ཚུ་ འདི་བཟུམ་མའི་ གནས་སྟངས་ནང་ ཐུག་བཅུག་ནི་མི་འོང་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པས།
སྤྱི་ཟླ་༨ པའི་ཚེས་༢༣ ལུ་ ཁྱབ་བསྒྲགས་འབད་མི་དང་འཁྲིལཝ་དང་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་ ཞི་གཡོག་ནང་ འཛུལ་ཞུགས་འབད་མི་ཚུ་གིས་ གསོ་བའི་ལག་ཁྱེར་དང་གཅིག་ཁར་ བཀག་དམ་ཅན་གྱི་ སྨྱོ་རྫས་སྤྱོད་ཡོད་མེད་ཀྱི་ བརྟག་དཔྱད་ངེས་པར་དུ་འབད་དགོ་ཟེར་ཨིན་པས།
ཁྱབ་བསྒྲགས་དེ་ སྤྱི་ལོ་༢༠༡༧ གྱི་ ཞི་གཡོག་ཆོས་རྒྱུགས་རྐྱབ་མི་ཚུ་གི་དོན་ལུ་ཡང་ཨིནམ་ད་ གལ་སྲིད་ མི་གང་རུང་གིས་ གསོ་བའི་ལག་ཁྱེར་དང་ སྨྱོ་རྫས་བརྟག་དཔྱད་ཀྱི་སྙན་ཞུ་ཚུ་ གསལ་སྟོན་མ་འབད་བའི་ཁར་ སྙན་ཞུ་ནང་ སྨྱོ་རྫས་སྤྱོད་ཡོད་པའི་ མངོན་རྟགས་ཐོན་པ་ཅིན་ ཞི་གཡོག་ནང་ འཛུལ་ནི་ལས་ ཆ་མེད་གཏང་འོང་ཟེར་བཀོད་ནུག།
ཨིན་རུང་ ཧེ་མ་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་ཐོན་མི་དེ་གིས་ ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ལོག་རྐྱབ་ནི་གི་ གོ་སྐབས་འཐོབ་འོང་ཟེར་ཨིན་པས།
དེ་འབདཝ་ད་ ད་རུང་ གསོ་བའི་ལག་ཁྱེར་གསལ་སྟོན་འབད་དགོཔ་མ་ཚད་ སྨྱོ་རྫས་བརྟག་དཔྱད་འབད་ནི་ཨིནམ་ད་ བརྟག་དཔྱད་དེ་ཡང་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་གྱིས་ ངོས་ལེན་འབད་ཡོད་པའི་ བརྟག་དཔྱད་ཁང་ཚུ་གིས་ འབད་ནི་ཨིན་རུང་ བརྟག་དཔྱད་ཀྱི་ ཟད་འགྲོ་ཚུ་ རང་གིས་ར་ གཏང་དགོཔ་ཨིན་པས།
བརྟག་དཔྱད་དེ་ཡང་ ཞི་གཡོག་གི་ གདམ་འཐུའི་གྲུབ་འབྲས་ གསལ་སྟོ་འབད་བའི་ཤུལ་ལས་དང་ ལཱ་གི་འགན་ཁུར་ མ་སྤྲོད་པའི་ཧེ་མ་ འབད་དགོ་ཟེར་ ཁྱབ་བསྒྲགས་འབད་མི་ནང་ གསལ་བཀོད་འབད་ནུག།
མདོ་ཆེན་བཀྲིས་དཔལམོ་གིས་འབད་བ་ཅིན་ ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་དག་པ་ཅིག་གིས་ སྨྱོ་རྫས་སྤྱོད་ཡོད་པའི་ ཤེས་རྟོགས་བྱུང་ཡོད་མི་དང་འཁྲིལ་ ཁོང་ལུ་ བྱིན་ཐབས་ལུ་ ལྷན་ཚོགས་ནང་ ཞི་གཡོག་པའི་ རྒྱབ་སྐྱོར་འབྲེལ་སྟེགས་ཁང་ཅིག་ གཞི་བཙུགས་འབད་དེ་ཡོད་ཟེར་ཨིན་པས།
འབྲེལ་སྟེགས་དེ་གིས་ འབྲེལ་ཡོད་ལས་སྡེ་ འབྲུག་སྨྱོ་རྫས་བཀག་འཛིན་དབང་འཛིན་དང་ མི་ཚེ་བསྐྱར་གསོ་ལྟེ་བ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགས་ནི་དང་ ད་རེས་ནངས་པར་ ལྷན་ཚོགས་ཀྱིས་ སྨྱོ་རྫས་ལག་ལེན་འཐབ་མི་ཚུ་ ལེགས་ཤོམ་བཟོ་ནི་གི་ ལྷན་ཐབས་འབད་དོ་ཡོདཔ་ལས་ ཐབས་ལམ་བཏོན་མི་དེ་ལུ་ མཉམ་འབྲེལ་འབད་མ་བཏུབ་པ་ཅིན་རྐྱངམ་གཅིག་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དོ་ཟེར་ཨིན་པས།
མདོ་ཆེན་བཀྲིས་དཔལམོ་གིས་ སྨྱོ་རྫས་ལག་ལེན་འཐབ་ནི་དེ་ རྒྱལ་ཡོངས་ཀྱི་ དཀའ་ངལ་ཅིག་ཨིནམ་ལས་ མི་སྡེ་ཆུང་ཀུ་ཅིག་ནང་ སྨྱོ་རྫས་འཆང་སྤྱོད་མེདཔ་བཟོ་ནི་དེ་ མི་ག་ར་གིས་ འགན་ཁུར་ཨིན་ཟེར་ བཤད་པའི་ཁར་ ང་བཅས་ཀྱིས་ དམིགས་བསལ་དུ་ ན་གཞོན་ཚུ་ སྨྱོ་རྫས་ལག་ལེན་འཐབ་བཅུག་པར་ འགན་ཁུར་ཅན་གྱི་ མི་ཁུངས་བཟོ་དགོཔ་དེ་ ཁག་ཆེ་ཟེར་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ དུས་རིང་གི་ ཤེས་ཡོན་སྦྱང་མི་ ཞི་གཡོགཔ་ཚུ་གིས་ཡང་ ངེས་པར་དུ་ སྨྱོ་རྫས་བརྟག་དཔྱད་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ མངོན་རྟགས་བྱུང་པ་ཅིན་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་མི་བྱིན་ནི་ཨིན་རུང་ ཞི་གཡོག་ཞབས་ཏོག་འབྲེལ་སྟེགས་ཀྱིས་ རྐྱབ་སྐྱོར་ཐོག་ལས་ ལཱ་འབད་བཅུག་འོང་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་ཁང་གི་ གསོ་བའི་སྡེ་འཛིན་ ཌོག་ཊར་གོ་གསར་སྤེན་པ་གིས་ མི་ག་ཨིན་རུང་ སྨྱོ་རྫས་བརྟག་དཔྱད་འབད་བའི་སྐབས་ སྨྱོ་རྫས་འཆང་སྤྱོད་ཡོད་པའི་ མངོན་རྟགས་ཐོན་པ་ཅིན་ སྨྱོ་རྫས་ལག་ལེན་མ་འཐབ་ཟེར་ སླབ་ནི་གི་ ས་གོ་ཟེར་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *