ཞི་གཡོག་ཆོས་རྒྱུགས་ནང་ ཤེས་རབ་རྩེ་དང་ དགེ་འདུ་མཐོ་རིམ་སློབ་ཕྲུག་ཚུ་ དྲག་དོ་ཡོདཔ།

༉ རྒྱལ་ཁབ་ཕྱི་ནང་ལས་ མཐོ་རིམ་སློབ་གྲྭ་ཁག་སོ་སོ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ ན་གཞོན་ཚུ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ བཅའ་མར་གཏོགས་མི་ལས་ མང་ཤོས་ར་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ དགེ་འདུ་ཚོང་རིག་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་ གདམ་འཐུ་གྲུབ་དོ་ཡོདཔ་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་༢༠༡༦-༡༧ ཅན་མའི་ནང་ བཀོད་ཡོདཔ་བཞིན་དུ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཚུ་གིས་ འདས་པའི་ལོ་ངོ་༣ གྱི་རིང་ འབྱེལཝ་འབྱེལ་ས་ར་ ཞི་གཡོག་ཆོས་རྒྱུགས་ནང་ལས་ དྲག་ཤོས་ཐོན་ཏེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཤེས་རབ་རྩེ་ལས་ མཐར་འཁྱོལ་མི་༩༨ དང་ སྤྱི་ལོ་༢༠༡༥ ལུ་ ན་གཞོན་༨༡ དེ་ལས་ སྤྱི་ལོ་༢༠༡༤ ལུ་༨༦ གིས་ སྤྱིར་བཏང་ཆོས་རྒྱུགས་དབྱེ་ཁག་ནང་ལས་ གདམ་འཐུ་གྲུབ་ནུག།
ལྷན་ཚོགས་ཀྱིས་ གཙུག་ལག་སློབ་སྡེ་ཁག་ཚུ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གིས་ ཞི་གཡོག་ཆོས་རྒྱུགས་ཀྱི་ ལས་འབྲེལ་སྙན་ཞུ་ བཟོ་མི་དེ་ཡང་ མཐོ་རིམ་ཤེས་ཚད་ ལྷབ་འདོད་ཡོད་མི་ཚུ་གིས་ མཐོ་རིམ་སློབ་གྲྭ་ལེགས་ཤོམ་ གདམ་ཁ་རྐྱབ་ཐབས་ལུ་དམིགས་ཏེ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ད་རེས་ནངས་པར་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་གྱི་ ལག་ཁྱེར་དང་འབྲེལ་བའི་ རྩོད་རྙོགས་ཐོན་མི་ རྒྱ་གར་སི་ཀེམ་མ་ནི་པཱལ་ (ཨེསི་ཨེམ་ཡུ་) གཙུག་ལག་སློབ་སྡེ་ལས་ སྤྱི་ལོ་༢༠༡༤-༢༠༡༦ གི་བར་ན་ སློབ་ཕྲུག་༢༤༢ ཀྱིས་ སྔོན་འགྲོའི་ཆོས་རྒྱུགས་རྐྱབ་ད་ སློབ་ཕྲུག་ཕུད་རྡོག་གཅིག་གིས་རྐྱངམ་གཅིག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ དངུལ་རྩིས་འཛིན་སྐྱོང་གི་ ཌེབ་ལོ་མའི་ སྦྱོང་བརྡར་འབད་ནི་ལུ་ གདམ་འཐུ་གྲུབ་ནུག་ཟེར་ཨིན་པས།
དེ་བཟུམ་མའི་ སྙན་ཞུ་དེ་ ལོ་བསྟར་བཞིན་དུ་ གསར་སྟོན་འབད་ནི་ཨིནམ་ད་ སློབ་ཕྲུག་མང་ཤོས་ཅིག་གིས་ གཙུག་ལག་སློབ་སྡེའི་སྐོར་ལས་ བརྡ་དོན་ཚུ་ ལེགས་ཤོམ་སྦེ་ ཧ་མ་གོཝ་ལས་ ཤེས་ཡོན་སྦྱང་མི་ལུ་བརྟེན་ ད་རེས་ སློབ་ཕྲུག་ཁོང་ར་དང་ ཕམ་ཚུ་ལུ་ ཚང་གྱང་ཅན་གྱི་ གཞི་གནད་ལུ་ གྱུར་ནུག་ཟེར་ཨིན་པས།
ཞི་གཡོག་ནང་ བཙག་འཐུའི་ལམ་ལུགས་དེ་ ལེགས་ལྡན་བཟོ་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་དེ་ སྤྱི་ལོ་༡༩༨༣ ལས་ འགོ་བཙུགས་ཞིནམ་ལས་ཚུར་ ཞི་གཡོག་ནང་ འཛུལ་ཞུགས་འབད་ནིའི་ ལམ་ལུགས་དེ་ གོང་འཕེལ་སོང་སྟེ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༤,༠༢༧ གིས་ སྔོན་འགྲོ་ཆོས་རྒྱུགས་རྐྱབ་ནིའི་དོན་ལུ་ ཐོ་བཀོད་འབད་ས་ལས་ མི་༢,༦༥༩ གིས་ མཐར་འཁྱོལ་ཡོདཔ་བཞིན་དུ་ ལོ་དེ་ནང་ མི་༤༨༠ གིས་ ཞི་གཡོག་ནང་ འཛུལ་ཞུགས་འབད་ཡི་ཟེར་ སྙན་ཞུ་ནང་ བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ཕྱི་ནང་ལུ་ མཐོ་རིམ་ཤེས་ཡོན་གྱི་ལམ་ལུགས་ ཡར་དྲག་སོང་མི་དེ་གིས་ ཞི་གཡོག་གི་ ཆོས་རྒྱུགས་རྐྱབ་མིའི་ གྱངས་ཁ་ཡར་སེང་སོང་ཡོདཔ་ལས་ ཆོས་རྒྱུགས་འགོ་འདྲེན་འཐབ་པའི་ ཟད་འགྲོ་ཡང་ ཡར་སེང་ཡི་ཟེར་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ཞི་གཡོག་ཆོས་རྒྱུགས་ འགོ་འདྲེན་འཐབ་པའི་སྐབས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༥.༦ བཏང་ཡོདཔ་ད་ ཟད་འགྲོ་ཚུ་ཡང་ གཙོ་བོ་ར་ ལྟ་རྟོག་པ་དང་ བཅའ་སྒྲིག་རྐྱབ་ད་འཐུས་སྦེ་ སྤྲོད་དོ་ཡོདཔ་ཨིན་པས།
དུས་ཅི་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ངོ་མ་རྐྱབ་མི་ཚུ་གིས་ གསོ་བའི་ལག་ཁྱེར་ ངེས་པར་དུ་ གསལ་སྟོན་འབད་དགོཔ་མ་ཚད་ ཞི་གཡོག་ནང་ འཛུལ་འདོད་ཡོད་མི་ཚུ་གིས་ སྨྱོ་རྫས་འཆང་ལག་ལེན་འཐབ་ཡོད་མེད་ཀྱི་ བརྟག་དཔྱད་གྲུབ་འབྲས་ཚུ་ཡང་ བཏོན་དགོཔ་སྦེ་ བཟོ་སྟེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཁྲག་ཤུགས་བརྟག་དཔྱད་དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་ གྲོགས་རམ་སྦེ་བྱིན་ཡོདཔ།

༉ ཁ་ཙ་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་དང་ ཇ་པཱན་ལུ་ཡོད་པའི་ ཀི་ཡོ་ཊོ་མཐོ་རིམ་སློབ་གྲྭ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ བཀྲིས་སྒང་རྫོང་ཁག་གི་དོན་ལུ་ ཉེ་བར་མཁོ་བའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་ཨིན་པས།ཨང་གནས་ཐོག་ལས་ ཁྲག་ཤུགས་བརྟག་དཔྱད་འབད་མི་ འཕྲུལ་ཆས་༥༦ དང་ གཟུགས་ཀྱི་ཚ་དྲོད་མི་ཊར་འཕྲུལ་ཆས་༦༡ …

Leave a Reply

Your email address will not be published. Required fields are marked *