ཞི་གཡོག་ཆོས་རྒྱུགས་ཀྱི་དོན་ལུ་༡,༢༥༩ རྐྱངམ་གཅིག་གིས་ མཐར་འཁྱོལ་ཡོདཔ།

༉ སྤྱི་ལོ་༢༠༡༩ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༣,༢༥༦ གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ སྔོན་འགྲོ་ཆོས་རྒྱུགས་རྐྱབ་མིའི་ལས་༡,༢༥༩ གིས་ སྐུགས་ཚད་བརྒྱ་ཆ་༥༠ ཡན་ཆད་ཐོབ་མི་དེ་ བརྒྱ་ཆ་༣༨.༦ གི་རྩིས་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཆོས་རྒྱུགས་ཀྱི་གྲུབ་འབྲས་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༢༢ ལུ་ གསལ་བསྒྲགས་འབད་ཡོདཔ་ད་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སྔོན་འགྲོ་ཆོས་རྒྱུགས་ཀྱི་དོན་ལུ་ མི་ངོ་༣,༦༠༠ གིས་ ཐོ་བཀོད་འབད་མི་ལས་༣,༢༥༦ གིས ཆོས་རྒྱུགས་རྐྱབ་ནུག་ཟེར་ཨིན་པས།
མི་སྟོབས་འགོ་དཔོན་གོངམ་ འཇིགས་མེད་ནོར་བུ་གིས་འབད་བ་ཅིན་ དུས་ཅི་ རྫོང་ཁ་སློབ་དཔོན་གྱི་ སྦྱོང་བརྡར་འབད་ནི་གི་ ས་སྟོང་༡༠༤ ཡོད་མིའི་དོན་ལུ་༣༠༣ གྱིས་ ཆོས་རྒྱུགས་རྐྱབ་མི་ལས་༤༢ རྐྱངམ་གཅིག་གིས་ སྐུགས་ཚད་༥༠ དང་ ཡན་ཆད་ཐོབ་སྟེ་ ཆོས་རྒྱུགས་ངོ་མ་རྐྱབ་ནིའི་ གོ་སྐབས་ཐོབ་ནུག་ཟེར་ཨིན་པས།
རྒྱལ་གཞུང་འཛིན་སྐྱོང་སློབ་སྡེའི་ མི་མང་བདག་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་ནང་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༨༥༨ ཀྱིས་ ཆོས་རྒྱུགས་རྐྱབ་ཡོད་མི་ལས་༢༤༧ གྱིས་ མཐར་འཁྱོལ་ཡོདཔ་ད་ དེ་ནང་ ས་སྟོང་༤༥ ལས་བརྒལ་མེདཔ་ཨིན་པས།
དངུལ་འབྲེལ་འཛིན་སྐྱོང་ནང་ ཌིབ་ལོ་མའི་སྦྱོང་བརྡར་གྱི་དོན་ལུ་ མི་ངོ་༢༥༣ གྱིས་ ཆོས་རྒྱུགས་ངོ་མ་ རྐྱབ་ནི་གི་ གོ་སྐབས་ཐོབ་ཡོདཔ་ད་ སྦྱོང་བརྡར་དེ་ནང་ ས་སྟོང་༣༠ ཡོདཔ་བཞིན་དུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༦༦༡ གིས་ ཆོས་རྒྱུགས་རྐྱབ་ནུག།
སློབ་དཔོན་སློབ་སྦྱོང་ནང་ ས་སྟོང་༡༤༥ ཡོད་མིའི་དོན་ལུ་༤༦༠ གིས་ ཆོས་རྒྱུགས་རྐྱབ་ཡོད་མི་གྲས་ལས་༡༣༠ གིས མཐར་འཁྱོལ་ཡོདཔ་ད་ འཕྲུལ་རིག་གི་ དབྱེ་ཁག་ནང་༩༤༧ གྱིས་ ཆོས་རྒྱུགས་རྐྱབ་ཡོདཔ་བཞིན་དུ་ མི་ངོ་༥༨༧ གྱིས་ སྐུགས་ཚད་༥༠ ལས་ཡར་ཐོབ་སྟེ་ བཙག་འཐུ་ཆོས་རྒྱུགས་ངོ་མ་རྐྱབ་ནི་གི་ གོ་སྐབས་ཐོབ་ཡོདཔ་ད་ འཕྲུལ་རིག་དབྱེ་ཁག་ནང་༣༥༩ ས་སྟོང་ཡོདཔ་ཨིན་པས།
སློབ་དཔོན་ཤེས་ཡོན་གྱི་དོན་ལུ་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ དུས་ཅི་ ས་སྟོང་༣༨༤ ལུ་ ཡར་སེང་འབད་ཡོད་མིའི་དོན་ལུ་ སློབ་དཔོན་སློབ་སྦྱོང་མཐར་འཁྱོལ་མི་༦༤༩ གིས་ ཆོས་རྒྱུགས་ཀྱི་དོན་ལུ་ ཐོ་བཀོད་འབད་ནུག།
སློབ་དཔོན་ཤེས་ཡོན་གྱི་ སྤྱིར་བཏང་ཆོས་ཚན་ནང་ ས་སྟོང་༡༦༠ ཡོད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད དེ་གི་འོག་ལས་ རྫོང་ཁ་སློབ་དཔོན་ནང་༥༢ ཡོདཔ་ད་ དུས་ཅི་ སློབ་གྲྭ་ཆུང་བའི་ དམིགས་བསལ་ཨིང་སྐད་སློབ་དཔོན་གྱི་ ས་སྟོང་༣༡ ལུ་ ཡར་སེང་དང་ སློབ་གྲྭ་གོང་མ་དང་ རྩིས་ཀྱི་དམིགས་བསལ་སློབ་དཔོན་གྱི་ ས་སྟོང་ཡང་༥ ལུ་ ཡར་སེང་འབད་ནུག།
དེ་ལས་ ལམ་སྟོན་དང་ བསླབ་སྟོན་གྱི་ས་སྟོང་༣༠ ལུ་ ཡར་སེང་འབད་ནུག།
ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སྔོན་འགྲོའི་གྲུབ་འབྲས་དང་འཁྲིལ་ཏེ་ མི་ངོ་ཚུ་གིས་ ཆོས་རྒྱུགས་ངོ་མ་རྐྱབ་ནི་ལུ་ བསྒྱུར་བཅོས་འབད་ཆོག་ནི་ཨིན་རུང་ ཡིག་ཆ་བདེན་དཔྱད་འབད་བའི་སྐབས་ དགོས་མཁོ་ཅན་གྱི་ ཁྱད་ཚད་ཚུ་ ཚང་དགོ་ཟེར་ བཤདཔ་ཨིན་པས།
མཐོ་རིམ་ཤེས་ཚད་འཆང་མི་ཚུ་གིས་ སྤྱྲི་ཟླ་༨ པའི་ཚེས་༢༢-༢༨ ཀྱི་ནང་འཁོད་ལུ་ རང་སོའི་སྐུགས་ཚུ་ ལྷན་ཚོགས་ལུ་ དངུལ་ཀྲམ་༣༠༠ རེ་ སྤྲོད་ཐོག་ལས་ ལོག་ཞིབ་དཔྱད་རྐྱབ་ཆོག་ནི་ཨིནམ་ད་ བསྐྱར་ཞིབ་འབད་བའི་ གྲུབ་འབྲས་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ གསལ་སྟོན་འབད་ནི་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཞི་གཡོག་འགོ་དཔོན་བཙག་འཐུའི་ ཆོས་རྒྱུགས་དེ་ སྤྱི་ཟླ་༡༠ པའི་ཚེས་༡༡-༡༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *