༉ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་ ཞི་གཡོག་ནང་ བཙུགས་ནིའི་དོན་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ དུས་ཅི་ ས་སྟོང་༤༩༤ བཏོན་མི་དེ་ ན་ཧིང་དང་ཕྱདཔ་ད་ ས་སྟོང་༤ མར་བབས་སོང་ནུག།
ས་སྟོང་གསལ་བསྒྲགས་དེ་ཡང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་འབད་ནུག།
སྤྱི་ལོ་༢༠༡༦ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ཚུ་གི་དོན་ལུ་ ས་སྟོང་༤༩༨ བཏོན་ཡོདཔ་བཞིན་དུ་ དུས་ཅི་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ མང་ཤོས་ར་ འཕྲུལ་རིག་གི་ དབྱེ་ཁག་ནང་ཡོདཔ་ད་ ན་ཧིང་ ལྷན་ཚོགས་ཀྱིས་ ས་སྟོང་༢༨༢ གསལ་བསྒྲགས་འབད་ས་ལས་ དུས་ཅི་ ས་སྟོང་༩ མར་ཕབ་འབད་ཡོདཔ་ཨིན་པས།
ན་ཧིང་ དྲུང་འཚོ་གི་དོན་ལུ་ ས་སྟོང་༥༤ འབད་ས་ལས་ དུས་ཅི་༣༣ ལུ་ མར་ཕབ་འབད་ཡོད་རུང་ དབྱེ་ཁག་གཞན་ཚུ་དང་ཕྱདཔ་ད་ འཕྲུལ་རིག་དབྱེ་ཁག་ནང་ ས་སྟོང་མཐོ་ཤོས་ཅིག་སྦེ་ཡོདཔ་བཞིན་དུ་ སྨན་གཡོགཔ་དང་ རང་བཞིན་གནས་སྟངས་ ལས་རོགས་འགོ་དཔོན་ དེ་ལས་ སོ་ནམ་དང་ནགས་ཚལ་ སྒོ་ནོར་བརྩིས་ཏེ་ ས་སྟོང་༢༧༣ ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ ཌོག་ཊར་མ་ལང་པའི་ དཀའ་ངལ་ཡོད་རུང་ ས་སྟོང་མར་ཕབ་སོང་མི་དེ་ཡང་ སྦྱོང་བརྡར་མཐར་འཁྱོལ་མི་ དེ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིནམ་བཞིན་དུ་ གྱངས་ཁ་དེ་ཡང་ ལོ་བསྟར་བཞིན་དུ་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ཨིན་པས།
དེ་ལས་ སློབ་དཔོན་སློབ་སྦྱོང་གི་ དབྱེ་ཁག་ནང་ རྫོང་ཁ་སློབ་དཔོན་གྱི་དོན་ལུ་ ས་སྟོང་༣༥ དང་ ཚན་རིག་དང་རྩིས་ནང་༤༠ ནང་རིག་ནང་༣༠ བརྡ་དོན་འཕྲུལ་རིག་ནང་༡༠ དེ་ལས་ བསླབ་སྟོན་པའི་སྦྱོང་བརྡར་ནང་༢༥ བརྩིས་ཏེ་ བསྡོམས་ཀྱི་༡༤༡ གསལ་བསྒྲགས་འབད་མི་དེ་ཡང་ ན་ཧིང་དང་ཕྱདཔ་ད་ ད་རེས་ ས་སྟོང་༡ ཡར་སེང་འབད་ནུག།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ སློབ་དཔོན་སྦྱོང་བརྡར་གྱི་དོན་ལུ་ ས་སྟོང་ཡར་སེང་འབད་མི་དེ་ཡང་ སློབ་དཔོན་གསར་བཙུགས་ཀྱི་ འཆར་གཞི་དང་འཁྲིལ་ཏེ་ཨིནམ་མ་ཚད་ ད་རེས་ སློབ་དཔོན་ཚུ་གིས་ སློབ་སྟོན་འབད་ནིའི་ དུས་ཡུན་དེ་ བདུན་ཕྲག་༡ ནང་ ཆུ་ཚོད་༢༢ ཡོད་མི་དེ་༡༨ ལུ་ མར་ཕབ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་མང་བདག་སྐྱོང་སྦྱོང་བརྡར་ནང་ ས་སྟོང་༤༠ དང་ དངུལ་རྩིས་འཛིན་སྐྱོང་ནང་༣༠ དེ་ལས་ ཁྲིམས་འདུན་གཙུག་ལག་འོག་མའི་ཤེས་ཚད་ཀྱི་ སྦྱོང་བརྡར་ནང་༡༠ བརྩིས་ཏེ་ ས་སྟོང་༨༠ གསལ་བསྒྲགས་འབད་ཡོདཔ་ད་ མ་གཞི་ ཨ་རྟག་འབད་བ་ཅིན་ མི་མང་བདག་སྐྱོང་སྦྱོང་བརྡར་ནང་ ས་སྟོང་༣༦ ལས་བརྒལ་ མི་ལེན་དོ་ཡོད་རུང་ དུས་ཅི་ལས་ ས་སྟོང་༤ ཡར་སེང་འབད་ནུག།
འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་རེས་ མི་མང་བདག་སྐྱོང་སྦྱོང་བརྡར་ནང་ ས་སྟོང་ཡར་སེང་འབད་མི་དེ་ཡང་ སྤྱི་ལོ་༢༠༡༥ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་དེ་ ཐད་ཀར་དུ་ ཞི་གཡོགཔ་ནང་ འཛུལ་ཞུགས་འབད་མི་ ལམ་ལུགས་དེ་ ཆ་མེད་བཏང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ལྷན་ཚོགས་ཀྱིས་ མཐོ་རིམ་ཤེས་ཚད་དང་འཁྲིལ་ཏེ་ འབད་དོ་ཡོད་རུང་ ད་རེས་ ས་སྟོང་གསལ་བསྒྲགས་ནང་ གོ་གནས་དང་ དབྱེ་ཁག་ཚུ་ཡང་ གསལ་བཀོད་འབད་དེ་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
བཟོ་རིག་འགོ་དཔོན་གྱི་ ས་སྟོང་ནང་༣༢ ལས་༣༦ ལུ་ ཡར་སེང་ཡོད་རུང་ ན་ཧིང་ འཕྲུལ་རིག་གི་དབྱེ་ཁག་ནང་ ས་སྟོང་བསྡོམས་༢༨༢ བཏོན་ཡོདཔ་བཞིན་དུ་ ད་རེས་ ས་སྟོང་༢༧༣ རྐྱངམ་གཅིག་ གསལ་བསྒྲགས་འབད་ནུག།
ཌོག་ཊར་གྱི་ སྦྱོང་བརྡར་མཐར་འཁྱོལ་མི་ཚུ་ སྔོན་འགྲོའི་ཆོས་རྒྱུགས་ རྐྱབ་མི་དགོ་ནི་ཨིནམ་ད་ མཐོ་རིམ་ཤེས་ཚད་འཆང་མི་ཚུ་གིས་ ཆོས་རྒྱུགས་ཀྱི་དོན་ལུ་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཐོ་བཀོད་འབད་ཡོདཔ་ད་ ལྷན་ཚོགས་ཀྱི་ ཆོས་རྒྱུགས་དེ་ཡང་ མོང་སྒར་དང་ དགེ་ལེགས་ཕུག་ལུ་ འགོ་འདྲེན་འཐབ་ནི་སྦེ་ གསལ་བསྒྲགས་འབད་རུང་ ས་གནས་དེ་ནང་ ཐོ་བཀོད་འབད་མི་ གངམ་མེདཔ་ལས་ ཐིམ་ཕུག་ལུ་ར་ འགོ་འདྲེན་འཐབ་ནི་སྦེ་ གཏན་འཁེལ་སོང་ཡོདཔ་ཨིན་པས།
ཆོས་རྒྱུགས་ཀྱི་དོན་ལུ་ དུས་ཅི་ མི་ངོམ་༣,༨༤༤ གིས་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༨ པའི་ཚེས་༦ ལུ་ ཆོས་རྒྱུགས་ཕུལ་ནི་ཨིནམ་ད་ ལྷན་ཚོགས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཆོས་རྒྱུགས་རྐྱབ་མི་ གྱངས་ཁ་དེ་ ན་ཧིང་དང་ཕྱདཔ་ད་༡༨༡ མར་བབས་སོང་ནུག་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།