གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ བརྡ་བརྒྱུད་ཁག་གི་ བརྡ་བརྒྱུདཔ་ཚུ།

ཞལ་འཛོམས་སྐབས་ གསལ་བཤད་ཚུ་ རྫོང་ཁ་ནང་འབད་དགོ་པའི་ ཞུ་བ་ཕུལ་ནི།

༉ ད་ལས་ཕར་ ལྷན་ཁག་དང་ ལས་ཁུངས་ཚུ་གིས་མ་ཚད་ ཟླ་རིམ་བཞིན་དུ་ བློན་པོའི་ལྷན་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་སྐབས་ གསུང་གྲོས་དང་ གསལ་ཞུ་ཚུ་ རྒྱལ་ཡོངས་གཞུང་སྐད་ རྫོང་ཁའི་ཐོག་ལུ་འབད་དགོཔ་སྦེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ཞུ་བ་ཕུལ་ནི་ཨིན་ཟེར་ཨིན་པས།
དེ་ཡང་ ཐིམ་ཕུག་ལུ་སྦེ་ ལྷན་ཚོགས་ཀྱིས་ ཁ་ཙ་ལས་འགོ་བཙུགས་ ཉིན་གྲངས་༢ ཀྱི་རིང་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་ཁའི་བརྡ་བརྒྱུདཔ་ཚུ་ལུ་ ཁ་གསོའི་སློབ་སྦྱོང་འགོ་འདྲེན་འཐབ་པའི་སྐབས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ ད་རེས་ནངས་པ་ ཞལ་འཛོམས་ག་ཅི་ར་ འགོ་འདྲེན་འཐབ་རུང་ གསལ་བཤད་ཚུ་ ཨིང་སྐད་ནང་འབད་དོ་ཡོད་མི་ལུ་ ཐབས་ལམ་ག་ཅི་ར་ བཏོནམ་ཨིན་ན་ཟེར་བའི་ དྲི་བཀོད་འབད་ནི་དང་བསྟུན་ཨིན་པས།
ལྷན་ཚོགས་ཀྱི་དྲུང་ཆེན་ ཚེ་དབང་ནོར་བུ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ སྐད་རིགས་མ་འདྲཝ་༡༩ ཡོད་མི་ལས་༡༨ ཊི་བེ་ཊོ་-བར་མཱན་གྱི་ནང་དང་༡ དེ་ ཨིན་ཌོ་-ཨ་རི་ཡའི་ སྐད་རིགས་ནང་ ཚུད་དོ་ཡོདཔ་ད་ རྫོང་ཁ་དེ་ ཧེ་མ་ལས་ ཆོས་སྲིད་༢ ཆ་རའི་ དབང་ཚད་ཀྱི་ལྟེ་བ་ རྫོང་གཞིས་ཚུ་ནང་ སྐད་རིགས་གཞན་ཚུ་ལས་ ཡོངས་གྲགས་སྦེ་ ལག་ལེན་འཐབ་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ རང་དབང་ཅན་གྱི་ རྒྱལ་ཁབ་རེ་ལུ་ གཞུང་སྐད་རེ་ དགོ་མི་དེ་ འབྲུག་མི་ག་ར་ལུ་ བརྡ་དོན་སྤྲོད་ནི་དང་ སྤྱི་ལོ་༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ནང་ འཛུལ་ཞུགས་འབད་མི་དང་འབྲེལ་ རྒྱལ་ཁབ་རང་བཙན་གྱི་ ངོ་རྟགས་ལུ་ རྫོང་ཁ་དེ་ རྒྱལ་ཡོངས་སྐད་ཡིག་སྦེ་ གསལ་བསྒྲགས་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནིའི་དོན་ལུ་ ཞིབ་འཚོལ་དང་ རྩོམ་སྒྲིག་གི་ལཱ་ཚུ་ རྫོང་ཁའི་ཐོག་ལས་འབད་ནི་དང་ རྫོང་ཁ་དང་ ལུང་པའི་སྐད་རིགས་ཚུ་གི་བར་ན་ ག་བསྡུར་གྱི་ ཞིབ་འཚོལ་དང་ རྩོམ་སྒྲིག་འབད་ནི་ གློག་རིག་དང་ཡོངས་འབྲེལ་ བརྡ་དོན་འཕྲུལ་རིག་ དེ་ལས་ རྫོང་ཁ་དང་ཨིང་སྐད་ཟུང་འབྲེལ་གྱི་ཐོག་ལས་ ཞིབ་འཚོལ་དང་ རྩོམ་སྒྲིག་འབད་དེ་ གོང་འཕེལ་གཏང་ནིའི་ ཐབས་ལམ་ཚུ་ བཏོན་དོ་ཟེར་ཨིན་པས།
གནས་ཚད་ཡར་དྲག་གི་ ཚིག་མཛོད་དང་བརྡ་སྦྱོར་ དཔེ་དེབ་ལ་སོགས་པ་ དཔེ་སྐྲུན་འབད་ནི་དང་ མིང་ཚིག་རྒྱ་སྐྱེད་འབད་ཐོག་ལས་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་བཏང་དོ་ཟེར་ཨིནམ་ད་ ལྷན་ཚོགས་ཀྱིས་ རྫོང་ཁ་རྐྱངམ་གཅིག་མེན་པར་ ལུང་པའི་ཁ་སྐད་ཚུ་ཡང་ གོང་འཕེལ་བཏང་དོ་ཟེར་ཨིནམ་ལས་ དཔེར་ན་ ཨོ་ལེ་གི་ ཁ་སྐད་དེ་ ཉམས་ནིའི་གུ་ ལྷོད་དེ་ཡོད་མི་ལུ་བརྟེན་ ཞིབ་འཚོལ་གྱི་དོན་ལུ་ ཐོ་བཀོད་འབད་དེ་ ཡོད་ཟེར་ཨིན་པས།
དྲུང་ཆེན་གྱིས་ བཤད་མིའི་ནང་ རྫོང་ཁ་གོང་འཕེལ་སྲིད་བྱུས་ཀྱི་ གཞི་རྩ་དེ་ མི་དབང་རིམ་བྱོན་ཚུ་གི་གནང་མི་ བཀའ་རྒྱ་དང་ རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་ འབྲུག་གི་འཆར་སྣང་༢༠༢༠ དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་ལ་སོགས་པ་ཚུ་ལུ་ བཞག་དོ་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ རྫོང་ཁ་གོང་འཕེལ་དང་ འབྲུག་མི་ཚུ་གིས་ རྫོང་ཁ་སླབ་ནི་དང་ འབྲི་ཚུགསཔ་དགོཔ་མ་ཚད་ བཅའ་ཁྲིམས་ཚུ་ནང་འབད་རུང་ སྐད་༢ ཟུང་འབྲེལ་ཡོད་མི་ལས་ ག་དེམ་ཅིག་སྦེ་ སྐད་སྒྱུར་ནང་ ཨིང་སྐད་དང་ རྫོང་ཁ་༢ མ་མཐུན་པ་ཅིན་ རྫོང་ཁའི་ནང་ ཚིག་ག་ཡོད་མི་དེ་ལུ་ ཆ་གནས་བཞག་དགོཔ་སྦེ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་དབང་རིམ་བྱོན་ཚུ་གིས་ཡང་ སློབ་གྲྭ་ཚུ་ནང་ རང་ལུགས་ཆོས་དང་ རིག་གཞུང་ རྒྱལ་རབས་ཚུ་ རྫོང་ཁའི་ནང་ སློབ་སྟོན་འབད་དགོཔ་དང་ ཤེས་རིག་རྫོང་ཁའི་གྲོས་དཔོན་ལུ་ སློབ་གྲྭའི་དཔེ་དེབ་ཚུ་ རྫོང་ཁའི་ནང་འབྲི་དགོཔ་ དེ་ལས་ ཞལབ་འཛོམས་ཚུ་གི་སྐབས་ ཕྱི་མི་ཡོད་རུང་ གསལ་བཤད་དེ་ རྫོང་ཁའི་ནང་འབད་དེ་ ཕྱི་མི་ཚུ་གི་དོན་ལུ་ སྐད་སྒྱུར་རྐྱབ་དགོ་པའི་ བཀའ་རྒྱ་གནང་སྟེ་ ཡོད་ཟེར་ཨིན་པས།
ཨིན་རུང་ ཞལ་འཛོམས་ཚུ་གི་སྐབས་ གསལ་བཤད་ཚུ་ རྫོང་ཁའི་ནང་ འབད་དགོ་པའི་ ཁྱབ་བསྒྲགས་ག་དེམ་ཅིག་ བཏང་རུང་ ངོས་ལེན་དང་ བརྩི་བཀུར་འབད་མི་མེདཔ་ད་ ལྷན་ཚོགས་ཀྱི་ སྲིད་བྱུས་ཚུ་ནང་ བཅའ་ཁྲིམས་ཅིག་ བརྩམ་དགོཔ་སྦེ་ འདུག་ཟེར་ཨིན་རུང་ ད་རེས་ རྩམ་མ་ཚུགས་མི་ལུ་བརྟེན་ ཉེས་ཁྲིམས་དང་ ཉེས་བྱ་ཚུ་བཀལ་ནིའི་ དབང་ཚད་མིན་འདུག་ཟེར་ཨིན་པས།
དྲུང་ཆེན་གྱིས་ བཤད་མིའི་ནང་ རྫོང་ཁ་སླབ་ནིའི་ཐད་ཁར་ གོང་འཕེལ་འགྱོ་དོ་བཟུམ་ཅིག་མཐོང་རུང་ ཞིབ་འཚོལ་འབད་བའི་སྐབས་ འབྲུག་མི་བརྒྱ་ཆ་༡༠ དེ་ཅིག་གིས་ རྫོང་ཁ་དང་ བརྒྱ་ཆ་༩༠ དེ་ཅིག་གིས་ ཨིང་སྐད་འབྲི་ཚུགས་དོ་ཡོད་པའི་ མངོན་གསལ་བྱུངམ་ལས་ རྫོང་ཁ་གོང་འཕེལ་གཏང་ནི་དེ་ ལྷན་ཚོགས་རྐྱངམ་གཅིག་ལུ་མེན་པར་ འགན་ཁུར་ག་ར་ལུ་ ཕོགཔ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐད་རིག་མཁས་མཆོག་ཚུ་དང་འཁྲིལཝ་ད་ རྫོང་ཁ་ཉམས་ནིའི་ ཉེན་ཁ་མེདཔ་ཨིན་རུང་ ག་དེམ་ཅིག་སྦེ་ ཉམས་པ་ཅིན་ མི་རིགས་སོ་སོ་ཨིན་པའི་ ངོ་རྟགས་དང་ ཁྱད་ཆོས་ཚུ་ འབྱངམ་མ་ཚད་ རང་གི་བརྩི་མཐོང་དང་ ལམ་སྲོལ་ལ་སོགས་པ་ཚུ་ཡང་འབྱང་ནིའི་ ཉེན་ཁ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *