གྲོས་སྟོན་ཞལ་འཛོམས་ ཐེངས་དང་པ་ འཚོགས་པའི་བསྒང་།

ཞབས་ཏོག་ལྷན་ཁག་གིས་ ཡུན་བརྟན་ཅན་གྱི་ བཟོ་སྐྲུན་ལས་སྡེའི་སྲིད་བྱུས་ཅིག་ བརྩམ་དོ་ཡོདཔ།

༉ ད་རེས་ རྒྱལ་ཁབ་ནང་ བཟོ་སྐྲུན་ལས་སྡེ་གོང་འཕེལ་གཏང་ནིའི་དོན་ལུ་ དོ་འགྲན་བྱུང་མི་དེ་ཡང་ ནང་འཁོད་ཁག་འབག་དང་ གྲོས་སྟོན་པ་ལུ་ ཁྱད་རིག་དང་འཕྲུལ་རིག་ འཛིན་སྐྱོང་དང་དངུལ་འབྲེལ་གྱི་ ལྕོགས་གྲུབ་མེད་པའི་ཁར་ ལཱ་གཡོག་མེད་མི་དང་ ལཱ་གཡོག་བྱིན་ཐབས་ཀྱི་གནས་སྟངས་ སྐྱོ་དྲགས་ ཡོད་མི་ལུ་བརྟེན་ཨིན་པས།
དེ་འབདཝ་ལས་ བཟོ་སྐྲུན་ལས་སྡེའི་ གོང་འཕེལ་ལམ་སྟོན་སྦེ་ ཞབས་ཏོག་ལྷན་ཁག་གིས་ ཡུན་བརྟན་དང་ལྡན་པའི་ བཟོ་སྐྲུན་ལས་སྡེའི་སྲིད་བྱུས་ཅིག་ བཟོ་བའི་བསྒང་ཡོདཔ་ད་ སྲིད་བྱུས་བརྩམ་ནིའི་དོན་ལུ་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ རྒྱལ་ཁབ་ནང་ བཟོ་སྐྲུན་དང་འབྲེལ་བའི་ སྲིད་བྱུས་བཟོ་ནིའི་དོན་ལུ་ གྲོས་སྟོན་ཞལ་འཛོམས་ཐེངས་དང་པ་དེ་ སྤྱི་ཟླ་༡ པའི་ཚེས་༣༡ ལུ་ ཞབས་ཏོག་ལྷན་ཁག་གི་ ཞལ་འཛོམས་ཁང་ནང་སྦེ་ འཚོགས་ཅི།
སྲིད་བྱུས་ཟིན་བྲིས་དང་འཁྲིལཝ་ད་ གཞུང་གི་ཁ་ཐུག་ལས་ བཟོ་སྐྲུན་ལས་སྡེ་གོང་འཕེལ་གྱི་དོན་ལུ་ ཐབས་བྱུས་སྣ་ཚོགས་བཏོན་རུང་ དོ་འགྲན་བྱུང་བཞིན་དུ་ཡོད་མི་དེ་ཡང་ བཟོ་སྐྲུན་དང་འབྲེལ་བའི་སྲིད་བྱུས་ གསལ་ཏོག་ཏོ་ཅིག་ མེད་མི་ལུ་བརྟེན་ཨིན་མས་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཁག་འབགཔ་བསྡོམས་༣,༨༦༦ ཡོདཔ་བཞིན་དུ་ རྒྱལ་ཡོངས་ནང་འཁོད་ཐོན་སྐྱེད་ལུ་ བརྒྱ་ཆ་༡༦.༨༦ ལྷན་ཐབས་འབད་དོ་ཡོདཔ་ད་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ བརྒྱ་ཆ་༣.༢ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས།
དེ་མ་ཚད་ གཞུང་གི་རྩིས་ཐོ་དང་འཁྲིལཝ་ད་ གཞུང་གིས་ ཅ་ཆས་ནང་འདྲེན་དོན་ལུ་ བརྒྱ་ཆ་༦༠ དེ་ཅིག་བཏང་ས་ལས་ བརྒྱ་ཆ་༨༠ དེ་ཅིག་ བཟོ་སྐྲུན་གྱི་དོན་ལུ་ ནང་འདྲེན་འབད་དོ་ཡོད་པའི་ མངོན་གསལ་བྱུང་ཡི།
སྲིད་བྱུས་བཟོ་དགོ་པའི་ དམིགས་དོན་གཙོ་བོ་ར་ བཟོ་སྐྲུན་ལས་སྡེ་དེ་ ལཱ་གཡོག་བྱིན་མི་ལས་སྡེ་ གཙོ་ཅན་ཅིག་བཟོ་ནི་དང་ ཁྱད་རིག་གོང་འཕེལ་གཏང་ནི་ གཞུང་སྒེར་གྱི་བཟོ་སྐྲུན་སྤུས་ཚད་ ཡར་དྲག་གཏང་ནི་ དེ་ལས་ གཞུང་དང་སྒེར་སྡེའི་ལས་སྡེ་ཚུ་གི་བར་ན་ མཉམ་འབྲེལ་ཡར་དྲག་གཏང་ནིའི་དོན་ལུ་ཨིན་པས།
ཟིན་བྲིས་དང་འཁྲིལཝ་ད་ གཞུང་དང་སྒེར་སྡེ་༢ ཆ་རའི་ནང་ ཁྱད་རིག་དང་ལྡན་པའི་ ཁག་འབག་མེད་མི་ལུ་བརྟེན་ ལཱ་གི་སྤུས་ཚད་དང་མ་ལྡན་མི་ དུས་ཐོག་སྒྲུབ་མ་ཚུགས་མི་ ནང་འཁོད་བཟོ་རིག་འགོ་དཔོན་ལངམ་མེད་མི་ དེ་ལས་ རྒྱལ་ཁམས་ཀྱི་རིག་རྩལ་ཅན་དང་ རིག་རྩལ་དང་མ་ལྡན་མི་ ལས་མི་ལངམ་མེད་མི་ལུ་བརྟེན་ཨིན་པས།
དེ་ནང་ བཅའ་མར་གཏོགས་མི་ལས་སྡེ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་དང་ འབྲུག་བཟོ་སྐྲུན་སྡེ་ཚོགས་ བསྟན་རྒྱས་ལྷན་ཁག་ ལས་གཡོག་ལྷན་ཁག་ཚུ་ནང་ལས་ འགོ་དཔོན་ཚུ་གིས་ གནད་དོན་ཁག་དག་པ་ཅིག་གུ་ གྲོས་བསྡུར་འབད་དེ་ བསམ་འཆར་བཀོད་མི་ཚུའི་གྲས་ལས་ ད་རེས་ནངས་པ་ ཐོ་བཀོད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ སློབ་ཕྲུག་༣,༥༠༠ དེ་ཅིག་གིས་ མཐར་འཁྱོལ་བྱུང་ཡོད་རུང་ བཟོ་སྐྲུན་ལས་སྡེ་ནང་ འཕྲུལ་རིག་གི་ལཱ་འབད་མི་ བརྒྱ་ཆ་༨༠ དེ་ཅིག་ རྒྱ་གར་གྱི་མི་ཚུ་ཨིན་པས།
འཆར་ལོ་༢༠༡༤ དང་ ༢༠༡༥ བར་ནའི་ ཐོ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ད་རེས་ནངས་པར་ ལཱ་འབད་མི་ རྒྱ་གར་གྱི་མི་༤༠,༠༠༠ ལྷགཔ་ཅིག་ཡོད་མིའི་གུ་ འབྲུག་པའི་སློབ་ཕྲུག་༡༠,༠༠༠ ལྷགཔ་ཅིག་ ལཱ་གཡོག་མ་ཐོབ་པར་ ཡོདཔ་ཨིན་པས།
ཞབས་ཏོག་ལྷན་ཁག་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ནང་འཁོད་ཀྱི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ལས་ མཐར་འཁྱོལ་མི་ ལཱ་གཡོག་མེད་པར་སྡོད་མི་ སློབ་ཕྲུག་ཚུ་ ཁག་འབག་ཚུ་གིས་ བཟོ་སྐྲུན་ས་ཁོངས་ནང་ ལཱ་གཡོག་བྱིན་པ་ཅིན་ ལཱ་གཡོག་གི་ དཀའ་ངལ་སེལ་ཚུགས་ནི་མས་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ འབྲུག་པའི་མི་ལུ་ ལཱ་གཡོག་བྱིན་ནིའི་དོན་ལུ་ ཁྱད་རིག་གི་ལྕོགས་གྲུབ་ ལྟ་རྟོག་འབད་དགོཔ་ཡོདཔ་ལས་ ཆ་བཞག་གཙུག་སྡེ་ཚུ་ནང་ལས་ ངོས་འཛིན་ལག་ཁྱེར་ བྱིན་དགོཔ་འདུག་ཟེར་ཨིན་པས།
གནད་དོན་གཅིགཔོ་དེ་ ནང་འཁོད་བཟོ་སྐྲུན་གོང་འཕེལ་གྱི་དོན་ལུ་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་འདུག་ཟེར་བའི་ བསམ་འཆར་ཚུ་ བཀོད་ཡོདཔ་ཨིན་པས།
གྲོས་སྟོན་ཞལ་འཛོམས་ཐེངས་༢ པ་དེ་ དུས་ཅི་ སྤྱི་ཟླ་༦ པའི་ནང་ འགོ་འདྲེན་འཐབ་སྟེ་ ལེགས་བཅོས་འབད་བའི་ཤུལ་ལས་ མཐའ་བཅད་ཟིན་བྲིས་དེ་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *