ཞབས་ཏོག་ལྷན་ཁག་གི་ གྲོས་བསྟུན་ཞལ་འཛོམས་འཚོགས་པའི་བསྒང་།

ཞབས་ཏོག་ལྷན་ཁག་གིས་ གྲོས་ཆོད་༡༨ ལྷགཔ་ཅིག་བཏོན་ཡོདཔ།

༉ མོང་སྒར་ལུ་ ཉིན་གྲངས་༤ གི་རིང་ ཞབས་ཏོག་ལྷན་ཁག་གི་ གྲོས་བསྟུན་ཞལ་འཛོམས་འཚོགས་མི་དེ་ ཁ་ཙ་ གྲོལ་ཡོདཔ་བཞིན་དུ་ ཞལ་འཛོམས་ནང་ལས་ གྲོས་ཆོད་༡༨ དེ་ཅིག་བཏོན་པའི་ཁར་ བཅའ་ཡིག་དང་སྒྲིག་གཞི་གི་ ཀི་དེབ་ཅིག་ཡང་ གསར་བཏོན་འབད་ཡི།

ཞབས་ཏོག་ལྷན་ཁག་གི་ དམིགས་གཏད་གཙོ་བོ་ར་ ལོ་༥ འི་འཆར་གཞི་༡༢ པ་ འགོ་བཙུགས་པའི་སྐབས་ གཞི་རྟེན་མཁོ་ཆས་གོང་འཕེལ་དང་ གསར་སྒྲུབ་ དེ་ལས་ ཡུན་བརྟན་གནས་ཐབས་ཀྱི་ ཐབས་བྱུས་ཚུ་ལུ་ གཙོ་བོར་བཟུང་སྟེ་ ལཱ་འབད་ནི་ཨིན་པས།

ཞབས་ཏོག་ལྷན་ཁག་གི་ འཆར་གཞི་གཙོ་འཛིན་འགོ་དཔོན་ རྡོ་རྗེ་དབང་མོ་གིས་ སླབ་མིའི་ནང་ གྲོས་ཚོགས་ ཐེངས་༩ པའི་བརྗོད་དོན་དེ་ གཞི་རྟེན་མཁོ་ཆས་རྒྱུན་སྐྱོང་གི་ཐབས་བྱུས་ཐོག་ལུ་ རྫོང་ཁག་༢༠ གི་ བཟོ་རིག་ འགོ་དཔོན་དང་ ལུང་ཕྱོགས་ཁག་གི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཁྲོམ་སྡེའི་བཟོ་རིགཔ་ དེ་ལས་ ཞབས་ཏོག་ལྷན་ཁག་གི་ མདོ་ཆེན་དང་ དྲུང་ཆེན་ཚུ་གི་ རང་སོའི་དཀའ་སྡུག་དང་ ཐབས་ལམ་སྣ་ཚོགས་གུ་ གྲོས་བསྡུར་འབད་ཞིནམ་ལས་ གྲོས་ཆོད་ཚུ་ བཏོན་ཡི་ཟེར་ཨིན་པས།

འཆར་གཞི་འགོ་དཔོན་ རྡོ་རྗེ་དབང་མོ་དང་འཁྲིལ་བ་ཅིན་ གྲོས་ཆོད་གྲུབ་མི་དང་འཁྲིལ་ ལས་རིམ་དང་ འཆར་གཞི་ དེ་ལས་ སྲིད་བྱུས་བརྩམ་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པའི་ཁར་ གཞུང་གིས་ ཟད་འགྲོ་སྦོམ་བཏང་སྟེ་ གཞི་རྟེན་མཁོ་ཆས་མཁོ་སྒྲུབ་འབད་མི་ཚུ་ ད་ལས་ཕར་ སྒེར་དང་ གཞུང་གིས་ ཡུན་བརྟན་ཐོག་ལས་ བདག་འཛིན་དང་ ཉམས་བཅོས་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་གྱིས་ བཤད་མིའི་ནང་ འཆར་གཞི་༡༡ པ་ མཇུག་བསྡུ་མི་དང་བསྟུན་ ཞབས་ཏོག་ལྷན་ཁག་དང་ བཟོ་རིག་སྡེ་ཚན་གྱི་བར་ན་ གྲུབ་འབྲས་ལེ་ཤ་བྱུང་ཡི་ཟེར་ཨིན་པས།

ཁ་ཙ་ ཞལ་འཛོམས་མཇུག་བསྡུཝ་དང་འབྲེལ་ འབྲུག་གི་ས་ཁྱིམ་གླར་སྤྱོད་ཀྱི་ བཅའ་ཡིག་དང་སྒྲིག་གཞི་༢༠༡༨ ཅན་མ་དང་ བཟོ་སྐྲུན་སྒྲིག་གཞི་ སྒེར་ས་སྤྱི་དོན་སྒྲིག་གཞི་ ས་ཁྱིམ་གླར་སྤྱོད་བཅའ་ཡིག་དང་སྒྲིག་གཞི་ དེ་ལས་ བཟོ་སྐྲུན་འཛིན་སྐྱོང་མཉེན་ཆས་ཀྱི་ ཀི་དེབ་ཚུ་ གསར་བཏོན་འབད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *