༉ ལོ་ཟུང་གསོ་བའི་ཞལ་འཛོམས་ཐེངས་༤ པ་དེ་ ཁ་ཙ་ ཐིམ་ཕུག་ལུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ སྨན་ཁང་ཆེ་བ་ དེ་ལས་ གཞི་རྟེན་སྨན་ཁང་ཚུ་ལུ་ གཟེངས་བསྟོད་ཀྱི་ ལག་ཁྱེར་ཚུ་ བྱིན་ཐོག་ལས་ འགོ་བཙུགས་ཅི།
ངོས་འཛིན་གཟེངས་བསྟོད་ཀྱི་ ལག་ཁྱེར་ཚུ་ཡང་ ནད་རིགས་བརྟག་དཔྱད་དང་ དཔེ་ཚད་ཞབས་ཏོག་བྱིན་ནིའི་ནང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཁྲག་མཛོད་ཁང་དང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གིས་ དྲག་ཤོས་ཐོན་ཡོདཔ་མ་ཚད་ སྨན་ཁང་ཆེ་བ་ཚུ་གི་གྲས་ལས་ བཀྲིས་སྒང་སྨན་ཁང་དང་ གཞི་རྟེན་སྨན་ཁང་ཚུ་གི་གྲས་ལས་ བཀང་ལུང་སྨན་ཁང་གིས་ དྲག་ཤོས་ཐོན་མི་ལུ་བརྟེན་བྱིན་ཡི།
གསོ་བའི་ལས་སྡེ་ནང་ མཉམ་རུབ་འབྲེལ་མཐུན་དང་ གཅིག་སྒྲིལ་ཡར་འཕར་གཏང་ཐབས་ཟེར་བའི་ བརྗོད་དོན་ཐོག་ལས་ ལོ་ཟུང་ཞལ་འཛོམས་འཚོགས་སར་ གསོ་བའི་བདག་སྐྱོང་འགོ་དཔོན་དང་ རྫོང་ཁག་གི་ གསོ་བའི་ལས་བྱེདཔ་ དེ་ལས་ སྲིད་བྱུས་རྩམ་མི་ཚུ་འབདཝ་ད་ མི་གྲངས་༡༨༠ དེ་ཅིག་གིས་ བཅའ་མར་གཏོགས་ཏེ་འདུག།
ལོ་༢ ནང་ཚར་རེ་འཚོགས་མི་ ཞལ་འཛོམས་ཀྱི་ དམིགས་ཡུལ་དེ་ར་ གསོ་བའི་ལས་སྡེའི་ནང་ ལཱ་འབད་མི་ ལས་བྱེདཔ་ཚུ་ ག་ར་གཅིག་ཁར་སྡོད་དེ་ འཆར་གཞི་དང་ལས་རིམ་ དེ་དང་འབྲེལ་བའི་ དཀའ་ངལ་ཚུ་ སེལ་ནི་གི་ ཐབས་ལམ་བཏོན་ཐབས་ལུ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ གསོ་བའི་ཞལ་འཛོམས་འཚོགས་མི་དེ་གིས་ གསོ་བའི་ལས་སྡེ་ནང་ གསོ་བའི་ཞབས་ཏོག་ཚུ་ མཁོ་སྤྲོད་འབད་བའི་སྐབས དཀའ་ངལ་དང་ སྲིད་བྱུས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་ཚུགས་ནི་གི་ གོ་སྐབས་བྱིནམ་ཨིན་ཟེར་ཨིན་པས།
གསོ་བའི་བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རྒྱལཔོ་རིམ་བྱོན་ཚུ་གི་ མངའ་འོག་ལུ་ སྤྱི་ལོ་༡༩༦༠ རེ་གྲངས་ལས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ གསོ་བའི་ཐད་ཁར་ གོང་འཕེལ་མ་བཏུབ་བཏུབ་སྦེ་ སོང་སྟེ་ཡོད་ཟེར་ཨིན་པས།
དཔེ་འབད་བ་ཅིན་ ཨ་ལོ་སྐྱེས་བའི་ལུ་ སྐྱེས་མ་ལུ་ཤི་རྐྱེན་བྱུང་མིའི་ གྱངས་ཁ་དེ་ མར་ཕབ་སོང་སྟེ་ཡོད་མི་དེ་ཡང་ མི་རློབས་༡༠༠,༠༠༠ ལས་ སྤྱི་ལོ་༢༠༠༩ ལུ་ ཨའི་༢༥༥ ཤི་ས་ལས་ ད་ལྟོ་འབད་བའི་བསྒང་ལས་ ཤི་རྐྱེན་གྱི་ གྱངས་ཁ་༨༦ ལུ་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ འབྲུག་གི་གསོ་བའི་ནང་ གྲུབ་འབྲས་སྦོམ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༢༠ ལུ་ དམར་ཅནམ་གི་གནད་གཞི་ རྩ་མེད་གཏང་ནི་ལུ་ དམིགས་གཏད་བསྐྱེད་ཡོད་མི་ལས་ ནད་གཞི་རྩ་མེད་བཏང་མི་ རྒྱལ་ཁབ་ཨང་དང་པ་༢ ཡོད་མི་ལས་༡ འབྲུག་རྒྱལ་ཁབ་ཨིན་ཟེར་ བློན་པོ་གིས་ བཤད་ཅི།
ད་རུང་ སྤྱི་ལོ་༢༠༡༧ ཟླ་༥ པའི་ཚེས་༣༡ ལུ་ འཛམ་གླིང་ཏམ་ཁུ་རྩ་མེད་ཀྱི་ ཉིནམ་བརྩི་སྲུང་སྐབས་ལུ་ འབྲུག་གིས་ ཏམ་ཁུ་དམ་འཛིན་འབད་ཡོད་པའི་ ལེགས་བསྟོད་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༣༠ གི་ནང་འཁོད་ནང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ནང་ བད་ཀན་རྩ་མེད་གཏང་ནི་གི་དོན་ལུ་ ལག་ལེན་འཆར་གཞི་དེ་གུ་ དུས་ཅི་སྤྱི་ཟླ་༣ པའི་ནང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་སྦེ་ འཐུས་མི་རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ མཚན་རྟགས་བཀོད་ཅི་ཟེར་ གསོ་བའི་བློན་པོ་གིས་ བཤད་ཅི།
སྤྱི་ལོ་༢༠༡༨ ལས་ བཤལ་ནད་ཁྱབ་སྤེལ་མི་འབད་ནི་གི་ དམིགས་གཏད་བསྐྱེད་ཡོདཔ་མ་ཚད་ འཛམ་གླིང་གསོ་བའི་ལས་སྡེ་ལས་ སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་ནང་ བཤལ་ནད་རྩ་མེད་བཏང་པའི་ ལག་ཁྱེར་འཐོབ་ནི་ལུ་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།
གསོ་བའི་ལས་སྡེའི་ནང་ གསོ་བའི་ཞབས་ཏོག་ ལེགས་ཤོམ་སྦེ་ བྱིན་ཐབས་ལུ་དམིགས་ཏེ་ ནདཔ་སྐྱེལ་ལེན་སྣུམ་འཁོར་༨༢ ལས་ ༡༡༨ ལུ་ ཡར་སེང་འབད་དེ་ཡོདཔ་མ་ཚད་ གློ་བུར་གྱི་ ཞབས་ཏོག་དགོ་མི་ ནདཔ་ཚུ་དང་ སྣུམ་འཁོར་མ་ལྷོད་པའི་ ས་ཁོངས་ཚུ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་ཚུ་ཡང་ བྱིན་ཏེ་ཡོདཔ་སྦེ་ བློན་པོ་གིས་ ཞལ་འཛོམས་ནང་ གསལ་བཤད་འབད་ཡི།
རྒྱལ་ཁབ་ནང་ གསོ་བའི་མཁས་མཆོག་དང་ ལས་བྱེདཔ་མ་ལང་པའི་དཀའ་ངལ་ཚུ་ སེལ་ཐབས་ལུ་ གེ་སར་རྒྱལ་པོ་གསོ་བ་དང་ཚན་རིག་གཙུག་ལག་སློབ་སྡེ་གཅིག་ཡང་ གཞི་བཙུགས་འབད་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་དེ་ རང་སྐྱོང་ལས་སྡེ་ལུ་ བསྒྱུར་བཅོས་འབད་ནི་དང་ བསམ་གྲུབ་ལྗོགས་མཁར་དང་ ཧཱ་ རྩི་རང་ བསམ་རྩེ་ དགེ་ལེགས་ཕུག་ལུ་ སྨན་ཁང་གསརཔ་བཟོ་སྐྲུན་འབད་བའི་ཁར་ རྒྱལ་ཁབ་ནང་ ཨམ་སྲུ་དང་ ཨ་ལོ་ཚུ་གི་ཁེ་ཕན་ལུ་དམིགས་ཏེ་ ཉལ་ཁྲི་༡༥༠ འབད་མི་ རྒྱལ་བཙུན་རྗེ་བཙུན་པདྨ་ཨ་ལོ་དང་ ཨམ་སྲུ་གི་སྨན་ཁང་ཚུ་ བཟོ་སྐྲུན་འབད་མི་ཚུ་ཡང་ གྲུབ་འབྲས་ཀྱི་གྲངས་སུ་ ཚུད་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ གསོ་བ་ལུ་ གྲུབ་འབྲས་དང་གཅིག་ཁར་ གདོང་ལེན་བྱུང་སྟེ་ཡོད་མི་དེ་ཡང་ འབུ་ནི་མེད་པའི་ ནད་གཞི་ཐོབ་མི་ ཁྱབ་ཆེ་དྲགས་སྦེ་ ཡར་སེང་འགྱོ་དོ་ཡོད་པའི་ཁར་ ན་གཞོན་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་དང་ རང་སྲོག་བཅད་ནི་ལ་སོགས་པ་ ཡར་སེང་འགྱོ་མི་ཚུ་ཨིན་པས།
གསོ་བའི་ལས་སྡེའི་ནང་ གདོང་ལེན་ག་དེ་སྦེ་ར་ ཐོན་ཏེ་འབད་རུང་ གསོ་བའི་ལས་བྱེདཔ་ཚུ་ རིག་རྩལ་དང་ ཁྱད་རིག་ཚུ་གི་ཐོག་ལས་ གདོང་ལེན་འབད་ཚུགས་མི་ ཙང་ཙ་ཡོདཔ་ལས་ མི་སེར་ཚུ་གི་ མི་ཚེ་བསྒྱུར་བཅོས་འབད་ཚུགས་ནིའི་ནང་ རེ་བ་སྦོམ་བསྐྱེད་དོ་ཟེར་ གསོ་བའི་བློན་པོ་གིས་ བཤད་ཅི།
གསོ་བའི་ལས་བྱེདཔ་ཚུ་གིས་ ནདཔ་ཚུ་ལུ་ ཁ་ཧན་ཏོང་ཏོ་སྦེ་སླབ་ བྱམས་སྐྱོང་གི་སྒོ་ལས་ བརྩེ་བ་བྱིན་པ་ཅིན་ ནདཔ་ཚུ་སེམས་དགའ་སྟེ་ འཕྲོད་བསྟེན་ལེགས་ཤོམ་འགྱོ་ནི་ཨིནམ་ལས་ ག་དེ་དྲག་དྲག་ ལེགས་ཤོམ་འབད་དགོཔ་དེ་ ཁག་ཆེ་ཟེར་བཤད་ཅི།
ནང་སྲིད་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ འགོ་འབྱེད་གནང་མི་ ཉིན་གྲངས་གསུམ་གྱི་ ལོ་ཟུང་གསོ་བའི་ཞལ་འཛོམས་ཐེངས་༤ པ་དེ་ ནངས་པ་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།