ཞབས་ཏོག་ལེགས་བཅོས་དང་ མཐུན་རྐྱེན་ཡར་དྲག་གཏང་དགོཔ།

༉ འཕྲལ་མགྱོགས་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་གསུམ་ནང་ ཁྲོམ་སྡེ་ཚོགས་སྡེའི་བཙག་འཐུ་ཚུ་ འགོ་འདྲེན་འཐབ་ནིའི་དོན་ལུ་ གསལ་བསྒྲགས་འབད་ནི་ཨིན་མས།

དང་འདོད་ཅན་གྱི་ ཁྲོམ་དཔོན་དང་ འཐུས་མི་འདེམས་ངོ་ཚུ་གིས་ བཙག་འཐུའི་སྐབས་ རྒྱབ་སྐྱོར་འཚོལ་ནིའི་དོན་ལུ་ ད་ལྟོ་ལས་ར་ རང་སོའི་ ངོ་ཤེས་འདྲིས་ཤེས་དང་ ཉེ་ཚན་ཚུ་དང་གཅིག་ཁར་ འབྲེལ་མཐུན་འབད་ནི་ འགོ་བཙུགས་པའི་ མངོན་གསལ་བྱུངམ་ཨིན་མས།

ཨིན་རུང་ བཙག་འཐུ་ནང་ རང་སོའི་ ལས་སྐལ་དང་འཁྲིལ་ནི་མ་གཏོགས་ ཐབས་ལམ་གཞན་ཚུ་ལུ་ བློ་གཏད་མི་ཚུགས་ནི་ཨིནམ་ལས་ མཐའན་མཇུག་ཁར་ སྡོད་ཁྱིམ་པ་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་ནི་ཨིན་མས།

ཁྲོམ་སྡེ་ཡར་དྲག་འགྱོ་མི་ཚུ་ རྒྱལ་ཡོངས་ཀྱི་ དཔལ་འབྱོར་གནས་སྟངས་ སྒྲིང་སྒྲི་ཡོད་པའི་ བརྡ་མཚོན་ཨིནམ་མ་ཚད་ ཡུན་བརྟན་དམིགས་ཡུལ་དང་ མཉམ་འབྲེལ་ལག་ལེན་ཐོག་ལས་ འཆར་གཞི་ལེགས་ཤོམ་བཟོ་བའི་ གྲུབ་འབྲས་ཅིག་ཨིན་མས།

ཐིམ་ཕུག་གི་ བཟོ་བཀོད་འཆར་གཞི་ ཚུལ་མཐུན་ལག་ལེན་འཐབ་མ་ཚུགས་པར་ལུས་མི་དེ་ གཞན་ལུ་ ཁ་ཉེས་བཀལ་ཐབས་མེད་རུང་ མ་འོངས་བུ་རྒྱུད་ཚུ་གི་མཐའ་དོན་ལུ་ ཁྲོམ་སྡེ་ཉེན་སྲུང་འབད་ནིའི་ མནོ་བསམ་གཏང་དགོཔ་འདུག།

ཁྲོམ་སྡེའི་དཀའ་ངལ་ཚུ་གི་སྐོར་ལས་ ག་བ་དྲགཔ་སྦེ་ ས་གནས་ནང་སྡོད་མི་ཚུ་གིས་ ཤེས་རྟོགས་ཡོདཔ་བཞིན་དུ་ སྡོད་ཁྱིམ་པ་ཚུ་ མཐའ་འཁོར་གཙང་སྦྲ་དང་ལྡན་པའི་ཐོག་ལས་ གཟུགས་ཁམས་འཕྲོད་བསྟེན་སྒྲིང་སྒྲི་སྦེ་ བཞག་ནིའི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ལེགས་བཅོས་འབད་དགོཔ་ ལེ་ཤ་འདུག།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཁྲོམ་སྡེ་ཚུ་ནང་ སེལ་ཐབས་འབད་མ་ཚུགས་པའི་ དཀའ་ངལ་ལེ་ཤ་བྱུང་བཞིན་དུ་ཡོདཔ་ལས་ ཁྲོམ་སྡེའི་ གཞི་རྟེན་མཐུན་རྐྱེན་དང་ ཞབས་ཏོག་ཚུ་ ལེགས་བཅོས་འབད་དགོཔ་ཡོད་པའི་སྐོར་ལས་ དྲི་བ་གཏིང་ཟབ་བཀོད་ནིའི་ དུས་ཚོད་འོས་ལྡན་ཅིག་ཨིན་མས།

སྡོད་ཁྱིམ་པ་ཚུ་གི་ཁ་ཐུག་ལས་ ཞབས་ཏོག་དེ་ར་ རྒྱུན་བརྟན་ཡོད་པ་ཅིན་ འཐུས་སྤྲོད་ནི་ལུ་ སྟབས་མ་བདེཝ་མེདཔ་ད་ དཔེ་འབད་བ་ཅིན་ རྒྱལ་ས་ལུ་ ཆུ་ཚོད་༢༤ གི་རིང་ ཆུ་བཀྲམ་སྤེལ་འབད་ནི་དང་ མི་མང་སྐྱེལ་འདྲེན་ཞབས་ཏོག་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་གི་ དཀའ་ངལ་ཚུ་ སེལ་ཐབས་འབད་མ་ཚུགས་པར་འདུག།

ང་བཅས་ར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ མི་སྡེ་ཚུ་ནང་ མཁོ་གལ་ཆེ་བའི་ ཞབས་ཏོག་མཐུན་རྐྱེན་ཚུ་ ལེགས་བཅོས་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ་འདུག།

ང་བཅས་རའི་ ཁྲོམ་ཚོགས་ཚུ་ནང་བལྟ་བ་ཅིན་ ཨ་ལོ་ཚུ་ རྩེདམོ་རྩེད་སའི་ས་ཁོངས་དང་ སྤྲོ་འཁྱམས་གླིང་ག་ཚུ་ མེདཔ་མ་ཚད་ བཀག་ཆ་མེད་པའི་ མི་མང་ས་ཁོངས་མེདཔ་ད་ འདས་པའི་ལོ་ཚུ་ནང་ དག་པ་ཅིག་ སྒོ་ཕྱེས་ཡོད་མི་ཚུ་ཡང་ བཅོ་ཁ་རྐྱབ་ནིའི་དུས་ཚོད་ ན་འཐན་རན་མཆིས་ནུག།

ཤུལ་མའི་ལོ་༡༠ དང་༡༥ འི་རྒྱབ་ལས་ ང་བཅས་རའི་ ཁྲོམ་སྡེ་ཚུ་ནང་ སྡོད་ཚུགས་མི་ཚུགས་དང་ མཐའ་འཁོར་ཡུན་བརྟན་ཡོད་མེད་ དེ་ལས་ མཛེས་ཆ་དང་ལྡན་མ་ལྡན་ཚུ་གི་སྐོར་ལས་ དྲི་བ་བཀོད་དགོཔ་འདུག།

དང་འདོད་ཅན་གྱི་ འདེམས་ངོ་ཚུ་གིས་ སྡོད་ཁྱིམ་པ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ དཀའ་ངལ་ཚུ་ སེལ་ཐབས་འབད་ནིའི་ ཐབས་ལམ་བཏོན་ནི་མ་གཏོགས་ ཚོགས་རྒྱན་བཙུགས་མི་ཚུ་ལས་ རྒྱབ་སྐྱོར་དགོ་ནིའི་དོན་ལུ་ བཞེས་སྒོ་བྱིན་ནི་དང་ རིན་ཐང་ཅན་གྱི་ ཁྱོསམ་བྱིན་ནི་ཚུ་ སྤང་དགོཔ་འདུག།

ཚོགས་རྒྱན་བཙུགས་མི་ཚུ་གིས་འབད་རུང་ དང་འདོད་ཅན་གྱི་ ཁྲོམ་དཔོན་གསརཔ་དེ་ལུ་ ཁྲོམ་སྡེ་དང་ སྡོད་ཁྱིམ་པ་ཚུ་གི་དོན་ལུ་ འཆར་གཞི་དང་ ཞབས་ཏོག་ཚུ་གི་སྐོར་ལས་ དྲི་བ་བཀོད་པ་ཅིན་ ཁྲོམ་སྡེ་ཡར་དྲག་གཏང་ཚུགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *