སྐྱིད་བདེ་མཁར་དང་ མོང་སྒར་གྱི་བར་ན་ གཞུང་ལམ་རྩི་ནག་གཏང་མ་ཚུགས་པར་ལུས་མིའི་མཐོང་སྣང་།

ཞག་དུས་ཚང་རུང་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་ མཇུག་བསྡུ་མ་ཚུགས་པར་ཡོདཔ།

༉ མོང་སྒར་ཡ་ལྡི་ཡན་ལག་ཁྲོམ་ལས་ གླིང་མི་ཐང་ཁྲོམ་ཚུན་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་འབད་མི་ ཁག་འབགཔ་ཚུ་གིས་ རྩི་ནག་གི་ལཱ་ཡང་ མཇུག་བསྡུ་དགོཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ལམ་སེལ་གྱི་ ལཱ་མཇུག་བསྡུ་མ་ཚུགས་པར་ཡོདཔ་ལས་ མི་སེར་དང་ རྒྱུན་འགྲུལ་འཐབ་མི་ཚུ་ ཁོང་ཁྲོ་ལང་དགོ་པའི་ གཞི་གནད་ལུ་གྱུར་ནུག།
གཞུང་ལམ་རྒྱ་སྐྱེད་ལས་འགུལ་དེ་ སྤྱི་ལོ་༢༠༡༥ ཟླ་༧ པ་ལས་ འགོ་བཙུགས་ཡོདཔ་ལས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ནང་ རྩི་ནག་བཏང་སྟེ་ ལཱ་མཇུག་བསྡུ་དགོཔ་ཨིན་རུང་ ཁག་འབགཔ་ལ་ལོ་ཅིག་གིས་ ལམ་གཡས་གཡོན་ལས་ གཡུར་བ་བཟོ་སྐྲུན་དང་ ས་གནས་ལ་ལོ་ཅིག་ནང་ ལམ་རྒྱ་སྐྱེད་ཡང་ འབད་མ་ཚར་བར་འདུག།
ཡ་ལྡི་ལས་ གླིང་མི་ཐང་ཚུན་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་འབད་མི་ ཁག་འབགཔ་༧ ལས་ རིག་གསར་ཁག་འབགཔ་གིས་ ཀུར་རི་ཟམ་པ་ལས་ སྒང་གུ་ལ་ཚུན་ ཀི་ལོ་མི་ཊར་༡༢ འབད་མི་དེ་ ཞག་དུས་ཀྱི་ ཧེ་མ་ལས་ སྤུས་ཚད་དང་ལྡནམ་སྦེ་ ལཱ་སེལ་ཐོག་ལས་ ལག་ལེན་འཐབ་སྟེ་ ཟླཝ་དག་པ་ཅིག་སོང་ནུག།
སྐྱིད་བདེ་མཁར་ཁྲོམ་ལས་ ཚོང་པ་ཚེ་རིང་ཆོས་སྒྲོན་གྱིས་ སླབ་མིའི་ནང་ གཞུང་ལམ་རྒྱ་སྐྱེད་ཀྱི་ དུས་ཚོད་ཚང་སོང་རུང་ རྩི་ནག་གཏང་ནི་མེདཔ་ལས་ ཉིན་ནུབ་མེད་པར་ སྣུམ་འཁོར་ཚུ་ ཕར་ཚུར་རྒྱུན་འགྲུལ་འཐབ་པའི་སྐབས་ ལམ་གཡས་གཡོན་ལུ་ཡོད་མི་ ཚོང་ཁང་གི་ ཅ་ཆས་དང་ བཀབ་གོ་ལ་ དེ་ལས་ བཟའ་འཐུང་རིགས་ཚུ་ ཐལཝ་གིས་ གནོད་སྐྱོན་རྐྱབ་པའི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
ཚོང་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་གྱི་ཇོ་བདག་ སྐྱེས་ལོ་༣༥ ལང་མི་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ ལམ་རྒྱ་སྐྱེད་ཀྱི་ ལཱ་ཡུན་འགྱངས་ འགོར་མི་དེ་གིས་ སྣུམ་འཁོར་ཚུ་ ལམ་རྡོ་རག་རོ་དང་ ཧ་ཀ་ཧོ་ཀ་བདའ་སྟེ་ རྒྱུན་འགྲུལ་འཐབ་ད་ སྣུམ་འཁོར་གསརཔ་ཨིན་རུང་ ལོ་༡ མ་ལངམ་ལས་ མེདཔ་འགྱོཝ་མས་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཡ་ལྡི་ལས་ མོང་སྒར་དང་ མོང་སྒར་ལས་ སྒང་གུ་ལ་ཚུན་ ཁག་འབགཔ་ཚུ་གིས་ ལམ་རྩི་ནག་གཏང་ནི་མེདཔ་ལས་ ཐལཝ་ལུ་བརྟེན་ ལམ་འགྲུལ་འབད་མི་ཚུ་ལུ་ ནད་གཞི་འབོ་ནིའི་ ཉེན་ཁ་ཡོདཔ་མ་ཚད་ སོ་ནམ་ཐོན་སྐྱེད་ལུ་ཡང་ བར་ཆད་རྐྱབ་སྟེ་ཡོད་ཟེར་ཨིན་པས།
རིག་གསར་ཁག་འབགཔ་གིས་ དུས་ཚོད་མ་རྫོགས་པའི་ ཟླ་ངོ་༢ ལྷགཔ་ཅིག་གི་ ཧེ་མ་ལས་ ལཱ་མཇུག་བསྡུ་ཡོད་རུང་ ཁག་འབགཔ་གཞན་ཚུ་གིས་ མཇུག་བསྡུ་མ་ཚུགས་མི་དེ་ གནད་དོན་ལེ་ཤ་འོང་ཟེར་ཨིན་པས།
སྐོར་རི་ལ་ལས་ སྤང་གསར་ཚུན་ ཀི་ལོ་མི་ཊཱར་༥.༧ གྱི་ གཞུང་ལམ་རྒྱ་སྐྱེད་འབད་མི་ ཚེ་རིང་ཁག་འབགཔ་ལས་སྡེ་གིས་ སྤྱི་ལོ་༢༠༡༥ ཟླ་༧ པའི་ཚེས་༡༠ ལས་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༢༩ ལུ་ བཟོ་སྐྲུན་མཇུག་བསྡུ་དགོཔ་ཨིན་རུང་ གླིང་མི་ཐང་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ ཞིབ་དཔྱད་སྡེ་ཚན་གྱིས་ ཟླ་ངོ་༣ དེ་ཅིག་ དུས་ཐེབས་བྱིན་མི་དེ་ཡང་ མཇུག་བསྡུ་མ་ཚུགསཔ་ལས་ དགོངས་གྲོལ་བཏང་ནུག།
ཚེ་རིང་ཁག་འབག་ལས་སྡེའི་ཇོ་བདག་ འཇིགས་མེད་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དུས་ཐེབས་ནང་ཡང་ བཟོ་སྐྲུན་འབད་མ་ཚུགསཔ་ལས་ ལམ་སེལ་ཚོགས་ཆུང་གིས་ ཆ་མེད་བཏང་མི་ལུ་བརྟེན་ ལྷན་ཁག་ལུ་ ཞུ་ཡིག་བཙུགས་པའི་ཤུལ་ལས་ ལཱ་འཕྲོ་མཐུད་འབད་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ལམ་རྩི་ནག་གཏང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལམ་རྒྱ་སྐྱེད་ཀྱི་ ལཱ་མང་ཤོས་ར་ བྱག་གུ་ལས་ སེལ་དགོ་པའི་ཁར་ ཕྱི་རུ་ཆུ་ཚོད་༨ ལས་ གློག་མེ་བཏེག་ཐོག་ལས་ ལཱ་འབད་དགོཔ་དང་ ལཱ་འབད་བའི་སྐབས་ ཉིན་ནུབ་མེད་པར་ གློ་བུར་ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་ལུ་བརྟེན་ ལཱ་ཐོགས་ལུས་སོ་ཡི་ཟེར་ཨིན་པས།
སྐྱིད་བདེ་མཁར་དང་ མོང་སྒར་ཁྲོམ་གྱི་བར་ན་ ཀི་ལོ་མི་ཊར་༥ འབད་མི་ གཞུང་ལམ་རྒྱ་སྐྱེད་ཀྱི་ དུས་ཡུན་དེ་ གོང་འཕེལ་ཁག་འབག་ལས་སྡེ་གིས་ སྤྱི་ལོ་༢༠༡༥ ཟླ་༩ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༨ ཟླ་༣ པའི་ཚེས་༢༣ ཚུན་ཨིན་རུང་ མཇུག་བསྡུ་མ་ཚུགས་པས།
ལས་སྡེའི་ཇོ་བདག་ ཀུན་ལེགས་བསྟན་འཛིན་གྱིས་ སླབ་མིའི་ནང་ ལཱ་ཕྱམ་ཕྱིམ་ལེ་ཤ་ འབད་དགོཔ་བྱུང་མི་དང་ མོང་སྒར་ཁྲོམ་དང་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ཆུ་དུང་མེདཔ་ཐལ་མི་ཚུ་ འཕྲལ་འཕྲལ་ར་བཅོ་དགོཔ་ ཐོན་པའི་ཁར་ ནུབ་མོར་ལཱ་འབད་དགོ་མི་ལུ་བརྟེན་ དུས་ཚོད་ཁར་ སེལ་མ་ཚུགསཔ་ལས་ འབྲེལ་ཡོད་ཡིག་ཚང་ལུ་ གཞ་དུས་ཐེབས་བྱིན་དགོ་པའི་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།
དེ་ལས་ སྤང་སེར་ལས་ སྐྱིད་བདེ་མཁར་ཚུན་ ཀི་ལོ་མི་ཊར་༦ འབད་མི་ གཞུང་ལམ་དེ་ ད་རེས་ནངས་པར་ རྩི་ནག་བཏང་པའི་བསྒང་ཡོདཔ་ལས་ བདུན་ཕྲག་༢ ཀྱི་ ནང་འཁོད་མཇུག་བསྡུ་ཚུགས་ཟེར་ ཀེ་ཌི་ཁག་འབགཔ་གི་ ལས་མི་ཚུ་གིས་ བཤདཔ་ཨིན་པས།
ལུང་ཕྱོགས་ལམ་སེལ་ཡིག་ཚང་ལས་ བཟོ་རིག་གཙོ་འཛིན་ ཀརྨ་རིག་འཛིན་གྱིས་ སླབ་མིའི་ནང་ ཁག་འབགཔ་༧ གྱི་གྲས་ལས་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་རུང་ རིག་གསར་ཁག་འབགཔ་གིས་ དུས་ཚོད་རྫོགས་མ་རནམ་ལས་ ལཱ་མཇུག་བསྡུ་བཏང་མི་དེ་ གྲུབ་འབྲས་སྦོམ་ཅིག་ཨིན་ཟེར་ཨིན་པས།
སྐོར་རི་ལ་ལས་ སྤང་སེར་ཚུན་ ཀི་ལོ་མི་ཊར་༥.༧ འབད་མི་ གཞུང་ལམ་རྒྱ་སྐྱེད་ཀྱི་ ཞག་དུས་དེ་ ལོ་༢ དང་ ཀུར་རི་ཟམ་པ་ལས་ གླིང་མི་ཐང་ཚུན་ ལམ་ཀི་ལོ་མི་ཊར་༤ སེལ་ནིའི་ དུས་ཡུན་ཡང་ རྫོགས་ཡོད་རུང་ ད་ལྟོ་ལཱ་འབད་བའི་བསྒང་ཨིན་པས།
མ་གཞི་ ཁག་འབགཔ་ག་ར་གིས་ དུས་ཚོད་ཁར་ ལཱ་མཇུག་བསྡུ་མ་ཚུགསཔ་ལས་ ཟླ་ངོ་༣ གྱི་ ཉེས་ཆད་བཀལ་ཐོག་ལས་ བཟོ་སྐྲུན་ལཱ་འབད་བཅུག་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གི་ ཁག་འབགཔ་ཆ་མེད་གཏང་དགོཔ་ འཐོན་ནི་མས་ཟེར་ འགོ་དཔོན་གྱིས་ སླབ་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༧ པ་ལས་ སྤྱི་ལོ་༢༠༡༨ ཟླ་༣ པ་ཚུན་ ཀི་ལོ་མི་ཊར་༦༦.༤༥ འབད་མི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ རིན་བསྡུར་ཐོག་ ཁག་འབགཔ་༧ ལུ་ དངུལ་ཀྲམ་ས་ཡ་༨༦༢.༤༡༩ སྦེ་ སྤྲོད་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *