ཝཱཊསི་ཨེབ་ནང་ གཡོ་སྒྱུ་ཐོག་ ཨམ་སྲུ་ཅིག་ལས་ དངུལ་ཀྲམ་༨༠,༠༠༠ འཕྲོག་བཅོམ།

༉ ཐིམ་ཕུག་ལུ་སྡོད་མི་ སྐྱེས་ལོ་༤༧ ལང་མི་ ཨམ་སྲུ་ཅིག་གིས་ ཡོངས་གྲགས་ལུ་ ཝཱཊསི་ཨེབ་ཟེར་མི་ འགྲུལ་འཕྲིན་གྱི་ མཐུན་རྐྱེན་ནང་ བྱ་ངན་འབད་མི་ཚུ་གི་ལག་པར་ དངུལ་ཀྲམ་༨༠,༠༠༠ ཤོར་ཡོདཔ་ཨིན་པས།
མོ་གིས་ གནད་དོན་དེའི་སྐོར་ལས་ སྤྱི་ཟླ་༦ པའི་ཚེས་༡༤ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཝཱཊསི་ཨེབ་ནང་ འཕྲལ་འཕྲལ་སྦེ་ར་ མོ་ལུ་ རྒྱལ་སྤྱིའི་བརྒྱུད་འཕྲིན་ཨང་གྲངས་ཅིག་ལས་ མོ་གིས་ ཁ་རྗེའི་རྒྱན་ཤོག་ནང་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༡ ཐོབ་ཡོད་མི་དེ་ ལེན་ནིའི་དོན་ལུ་ དངུལ་ཀྲམ་༡༠,༠༠༠ བཙུགས་དགོ་པའི་ཁར་ བློན་ཆེན་གྱི་ མཚན་རྟགས་ཀྱི་འཐུས་སྦེ་ ད་རུང་ དངུལ་ཀྲམ་༤༥,༠༠༠ བྱིན་དགོཔ་སྦེ་ སླབ་དེས་ཟེར་ཨིན་པས།
སྤྱི་ཟླ་༦ པའི་ཚེས་༦ ལུ་ འགྲུལ་འཕྲིན་བཏང་མི་དེ་གིས་ བྱིན་ཡོད་མི་ འབྲུག་མི་འཇིགས་མེད་ཚེ་རིང་ཟེར་མིའི་ རྩིས་ཁྲ་བྱིན་མི་དེ་ནང་ ཏི་རུ་བཙུགས་ཡོད་རུང་ དེ་གི་ནངས་པར་ ད་རུང་ མོ་གིས་ དངུལ་ཁང་དེ་ནང་ ཕྱི་མི་ཅིག་གི་ རྩིས་ཁྲ་ཡོད་མི་དེ་ནང་ དངུལ་ཀྲམ་༢༥,༠༠༠ བཙུགས་ཡོདཔ་ཨིན་པས།
མོ་གིས་ ཏི་རུ་ཚུ་ ག་དེ་ཅིག་བཙུགས་རུང་ མོ་ལུ་ ག་ནི་ཡང་ འོང་ནི་མེདཔ་ལས་ དོགས་པ་ཆགས་ཏེ་ སྙན་ཞུ་འབད་ཡོདཔ་ད་ ཞིབ་དཔྱད་འབད་བའི་སྐབས་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེ་གིས་ འཇིགས་མེད་ཚེ་རིང་དེ་ བྱ་ངན་དེ་བཟུམ་ནང་ ཧེ་མ་ལས་ འབྲེལ་བ་ཡོདཔ་ལས་ འཛིན་བཟུང་འབད་དེ་ཡོདཔ་ཤེས་ནུག།
ཁྲིམས་སྲུང་འགག་སྡེ་གིས་ རྩིས་ཁྲ་གཞན་དེ་ བདེན་དཔྱད་འབད་བའི་བསྒང་ཡོདཔ་ད་ སྤ་རོ་དང་ བསམ་གྲུབ་ལྗོངས་མཁར་ལུ་ ཁྲིམས་སྲུང་འགག་སྡེ་གིས་ བྱ་ངན་དེ་བཟུམ་འབད་མི་ རྩོད་བཤེར་གཞན་ཚུ་ལུ་ཡང་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ བྱ་ངན་འབད་མིའི་སྐོར་ལས་ གོ་བརྡ་ག་དེ་ཅིག་སྤྲོད་རུང་ མི་ཚུ་གིས་ ཧ་མ་གོ་བར་ བྱ་ངན་འབད་མི་ཚུ་གི་ ལག་པར་ཚུདཔ་མས་ཟེར་ཨིན་པས།
རང་གིས་ ག་དང་གཅིག་ཁར་ འབྲེལ་བ་འཐབ་ཨིན་ན་ ལེགས་ཤོམ་སྦེ་ ངོ་ཤེས་དགོཔ་དེ་ གལ་ཆེ་བའི་ཁར་ རང་གི་ཁ་བྱང་ཚུ་ཡང་ གསང་བའི་ཐོག་ལས་ བཞག་ནི་དེ་ གལ་ཆེ་ཟེར་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

བདེ་ཆེན་གླིང་ལུ་ གླངམོ་ཆེ་དང་འབྲེལ་བའི་དཀའ་ངལ།

༉ པདྨ་དགའ་ཚལ་ བདེ་ཆེན་གླིང་མཁོ་ལོམ་རི་དང་ དགོན་པ་འུང་སྤྱི་འོག་༢ ནང་ གླངམོ་ཆེ་དང་འབྲེལ་བའི་ གནོད་ཉེན་དེ་ ཆེ་སུ་ཅིག་སྦེ་ཐོན་ཡོདཔ་ལས་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པས། མ་གཞི་ ནགས་ཚལ་འགོ་དཔོན་དང་ གཡུས་ཁའི་མི་ཚུ་གིས་ གླངམོ་ཆེ་ཚུ་ …

Leave a Reply

Your email address will not be published. Required fields are marked *