བཀྲིས་སྒང་རྫོང་ཁག་ཁྲིམས་འདུན།

ཝམ་རོང་གི་ བརྡུང་རྫོབ་རྩོད་གཞི་ ཆེ་མཐོ་ཁྲིམས་འདུན་ལུ་ལྷོད་ནི།

དེ་ཡང་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ ཐོག་མའི་འཁྲུན་ཆོད་ལུ་ གཞི་འཛིན་འབད་ནི་དེ་གིས་ཨིན་པས།

༉ ན་ཧིང་ ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ ཝམ་རོང་དྲང་དཔོན་བགྲེསཔ་གི་ཨམ་ ཚེ་རིང་གཡང་སྐྱིད་ཀྱིས་ ཕྱགས་བདར་བའི་གནས་ཚང་བརྡུང་རྫོབ་འབད་བའི་ བཙོན་ཁྲིམས་ཟླ་ངོ་༡༨ བཀལ་མི་ལུ་ བཀྲིས་སྒང་རྫོང་ཁག་ཁྲིམས་འདུན་གྱིས་ གཞི་འཛིན་ཐོག་ འགྱུར་ལྡོག་མེད་པའི་ འཁྲུན་ཆོད་གནང་ཡི།

ད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ མཐོ་གཏུགས་པ་ ཚེ་རིང་གཡང་སྐྱིད་ལུ་ ཧམ་འཛུལ་འབད་བའི་ བཙོན་ཁྲིམས་ལོ་༡ ཕོག་ཡོདཔ་ཨིན་པས།

ཚེ་རིང་གཡང་སྐྱིད་ཀྱིས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ རྫོང་ཁག་ཁྲིམས་འདུན་ལུ་ སྤྱི་ལོ་༢༠༢༠ ཟླ་༡༠ པའི་ཚེས་༡ ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཚེ་རིང་གཡང་སྐྱིད་ཀྱིས་ ཉམས་རྒུདཔ་བསོད་ནམས་དཔལ་སྒྲོན་གུ་ ལགཔ་བཀལ་མི་ལུ་བརྟེན་ སྒལ་ཚིགས་ཆག་དཀྲུམ་ཤོར་ནུག་ཟེར་ ཁ་ཉེས་བཀལ་མི་ལུ་ རྩོད་ཟླ་ལས་ ངོས་ལེན་མ་འབད་མི་དེ་ཡང་ མོ་གིས་ ག་ཅི་ཡང་འབད་འབདཝ་ མེདཔ་མ་ཚད་ དུས་ཐུང་གློག་བརྙན་ནང་ཡང་ ལགཔ་བཀལ་བཀལཝ་ གསལ་རིལ་རི་སྦེ་ མེད་པའི་ཁར་ གློག་བརྙན་ཁོང་ར་གིས་བཟོ་སྟེ་ ཁོང་རའི་ཉེས་པ་ཚུ་ ཕུད་རྡོག་གཅིག་ཡང་ གསལ་སྟོན་མ་འབད་བར་ མཐོ་གཏུགས་པ་རྐྱངམ་གཅིག་གསལ་སྟོན་འབད་དེ་ བཟོ་མི་ལུ་ ཁྲིམས་འདུན་ལས་ ཆ་གནས་མཛད་དེ་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་ཟེར་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ནང་ མཐོ་གཏུགས་པ་ ཚེ་རིང་གཡང་སྐྱིད་ཀྱིས་ འཐབ་འཛིང་དང་འབྲེལ་བའི་ བྱ་ངན་སྐབས་ བསོད་ནམས་དཔལ་སྒྲོན་ལུ་ ལགཔ་བཀལ་བཀལཝ་མེད་པའི་ དཔང་པོ་དང་ སྒྲུབ་བྱེད་ལོགས་སུ་ཕུལ་ནི་མེད་པའི་ཁར་ ཝམ་རོང་ཁྲིམས་འདུན་གྱིས་ ཕྱོགས་ལྷུང་མེད་པར་ དབྱེ་དཔྱད་མཛད་དེ་ འཁྲུན་ཆོད་གནང་ཡོད་མི་ལུ་ འགྱུར་ལྡོག་མེད་ཟེར་ བཀོད་ནུག།

མཐོ་གཏུགས་པ་ ཚེ་རིང་གཡང་སྐྱིད་ཀྱིས་ གྱོང་འཐུས་སྐོར་ ཁེ་རྒུད་མ་བཏུབ་པའི་ ཞུ་བ་ཕུལ་མི་ལུ་ མཐོ་གཏུགས་ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་བའི་སྐབས་ མོ་རའི་ལགཔ་ ལག་ལེན་འཐབ་སྟེ་ དྲག་ཤུགས་ཐོག་ལས་ བསོད་ནམས་དཔལ་སྒྲོན་གྱི་ སྐྱ་གུ་བཤེད་དེ་ ཕར་འཐེན་ཚུར་འཐེན་འབདཝ་ད་ མོ་རའི་ལྟག་ལྐོག་དེ་ ཤུགས་སྦེ་ར་ གཡོ་བཏང་བཏངམ་ ཡང་ཅིན་ ཕར་ཚུར་འཐེན་འབད་བའི་སྐབས་ སྒལ་ཚིགས་ལུ་ གནོད་འཚེ་བྱུང་བའི་ སྐབས་དོན་ཡོདཔ་ལས་ གྱོང་འཐུས་ཀྱི་ཐད་ཁར་ ཝམ་རོང་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ རང་འཇགས་བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་ཡི།

རྩོད་ཟླ་བསོད་ནམས་དཔལ་སྒྲོན་དང་ མོ་རའི་བུ་གི་ ཉེས་འཛུགས་ཡོངས་རྫོགས་བསྒྱུར་བཅོས་དང་ དཔང་པོའི་ངག་བརྗོད་ག་ར་ ཆ་མེད་བཏང་ནུག་ཟེར་ མཐོ་གཏུགས་འབད་མིའི་ཐད་ཁར་ ཚེ་རིང་གཡང་སྐྱིད་ཀྱིས་ དྲག་ཤུགས་ཐོག་ལས་ ལགཔ་བཀལ་བའི་ རྒྱུ་མཚན་ལུ་བརྟེན་ ཐོག་མའི་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་ལུ་ འགྱུར་བ་མེད་ཟེར་ སྤྱི་ཟླ་༣ པའི་ཚེས་༩ ལུ་གནང་མི་ འཁྲུན་ཆོད་ནང་བཀོད་ནུག།

འཐབ་འཛིང་སྐབས་ དུས་ཐུང་གློག་བརྙན་བཟོ་མི་དེ་ ཁྲིམས་འདུན་ལུ་ སྒྲུབ་བྱེད་སྦེ་ ཕུལ་ཡོད་རུང་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་བཏང་མི་ལུ་ ཉེས་ཁྲིམས་བཀལ་དགོ་པའི་ ཞུ་བ་ཕུལ་ཡོད་རུང་ གནད་དོན་དེ་གི་སྐོར་ རྩོད་གཞི་ཕྱེ་བའི་བསྒང་ཨིནམ་ལས་ རྩོད་བཤེར་ལུ་ ཚུལ་མིན་གྱི་ཤན་ཞུགས་ ག་ནི་ཡང་མིན་འདུག་ཟེར་ རྫོང་ཁག་གི་ འཁྲུན་ཆོད་ནང་བཀོད་ནུག།

མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ རྣམ་རྒྱལ་བཟང་མོ་གིས་ གནད་དོན་ཕྱོགས་གཅིག་སྦེ་ བྲིས་སྤེལ་འབད་བའི་ ཉིནམ་ལས་འགོ་བཟུང་ མོ་ར་མ་ཚད་ མོ་རའི་ཨ་ལོ་ ལཱ་གཡོག་ནང་ འགྱོ་མི་དང་ ལཱ་འབད་མི་ཚུ་གི་ སེམས་ཁམས་ལུ་ གནོད་པ་སྦོམ་ཕོག་ཡོད་པའི་སྐོར་ ཞུ་བ་འབད་མི་དེ་ འབྲུག་གི་ཞི་རྩོད་དང་ ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༡༠༢.༡ པའི་ དགོངས་དོན་ལས་འགལ་བ་མེདཔ་ལས་ རྣམ་རྒྱལ་བཟངམོ་དེ་ ཁྲིམས་འདུན་ལུ་ འབོ་བཀུག་འབད་དགོཔ་མིན་འདུག་ཟེར་བཀོད་ནུག།

འཁྲུན་ཆོད་ནང་ རྣམ་རྒྱལ་བཟངམོ་གིས་ མི་བརྡ་བརྒྱུད་ནང་ བྲིས་མི་གིས་ ཚེ་རིང་གཡང་སྐྱིད་ཀྱི་ བཟའ་ཚང་གི་ སེམས་ཁམས་ལུ་ གནོད་པ་སྦོམ་བྱུང་ཡོད་པ་ཅིན་ ཁྲིམས་ཀྱི་ལམ་ལུགས་དང་འཁྲིལ་ ངོས་ལེན་འབད་ནི་མ་གཏོགས་ ད་ལྟོའི་རྩོད་ཤེར་ནང་ མཉམ་བསྡེབ་འབད་དེ་ དབྱེ་བཤེར་མཛད་ཐབས་མིན་འདུག་ཟེར་བཀོད་ནུག།

ཝམ་རོང་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༢༠ ཟླ་༧ པའི་ཚེས་༢༢ ལུ་ ཚེ་རིང་གཡང་སྐྱིད་ལུ་ འཐབ་རྩོད་དང་ འཐབ་འཛིང་གི་ ཉེས་ཁྲིམས་ལོ་༡ དང་ཟླཝ་༨ བཀལ་ཡོདཔ་ཨིན་པས།

རྩོད་ཟླ་ཚེ་རིང་གཡང་སྐྱིད་ཀྱིས་འབད་བ་ཅིན་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ཡང་ ཁེ་རྒུད་མ་བཏུབ་ལས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་འོང་ཟེར་ཨིན་པའི་གནས་ཚུལ། 

གནས་བརྟན་རྡོ་རྗེ། བཀྲིས་སྒང་། 

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *