༉ བཀྲིས་སྒང་ཝམ་རོང་ལུ་ འཐུང་ཆུའི་དཀའ་ངལ་ལུ་བརྟེན་ ཁྲོམ་ཁར་ ཟ་ཁང་བཙུགས་སྡོད་མི་ཚུ་ལུ་ སྟབས་མ་བདེཝ་ཐོན་དོ་ཡོདཔ་བཞིན་དུ་ ཟ་ཁང་ཇོ་བདག་ཚུ་གིས་ ཨ་རྟག་ར་ ཀི་ལོ་མི་ཊར་༥ དེ་ཅིག་ལས་ ཆུ་དབོག་སྟེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ཚུ་དང་ འཁྲིལ་བ་ཅིན་ ཧེ་མ་ཉིནམ་༡ ལུ་ ཆུ་ཚར་༢ དེ་ར་བཏང་དོ་ཡོད་རུང་ ད་རེས་ དུས་ཡུན་ཆུ་ཚོད་༡ ལས་བརྒལ་ མི་ཐོབ་པས་ཟེར་ཨིན་པས།
ཁྲོམ་ཁར་ ཟ་ཁང་བཙུགས་སྡོད་མི་ མོ་ཏི་ལལ་བིཤ་ཝ་གིས་ སླབ་མིའི་ནང་ ཉིནམ་རེ་ནང་ ཆུ་ཚར་༢ དེ་ར་ དབོག་པར་འགྱོ་དོ་ཟེར་ཨིནམ་ད་ ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ ཟླཝ་༢ དེ་ཅིག་སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཚོད་ཁར་བཏང་མི་ འཐུང་ཆུ་གིས་ ཟ་ཁང་ནང་ ལག་ལེན་འཐབ་ནིའི་དོན་ལུ་ ལང་མི་ཚུགས་པས་ཟེར་ཨིནམ་ད་ ཟ་ཁང་ཇོ་བདག་ཚུ་ལུ་ དཀའ་ངལ་ཡོདཔ་མ་ཚད་ ཆུ་མེད་པའི་བསྒང་ལས་ གཙང་སྦྲ་བཏོན་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
ཟ་ཁང་བཙུགས་སྡོད་མི་ཚུ་གིས་ འབད་བ་ཅིན་ འཐུང་ཆུའི་དཀའ་ངལ་ཐོན་མི་དེ་ ཝམ་རོང་ཚོང་པ་དང་ ས་གནས་ནང་ སྡོད་མི་ཚུ་ལུ་ ད་རེས་ཀྱི་དཀའ་ངལ་དེ་ དཀའ་ངལ་གསརཔ་མེནམ་ལས་ དཀའ་ངལ་བསལ་དགོཔ་འདུག་ཟེར་ཨིན་པས།
དྲོ་པར་ དུས་ཡུན་དུམ་གྲ་ཅིག་གི་རིང་ལུ་ ཐོབ་མིའི་འཐུང་ཆུ་གིས་ ཟ་ཁང་བཙུགས་སྡོད་མི་ཚུ་ལུ་ ལང་མི་ཚུགས་པས་ཟེར་ བཤད་པའི་ཁར་ འཐུང་ཆུ་ལངམ་སྦེ་ མེད་པའི་བསྒང་ལས་ ཚོང་མགྲོན་པ་གིས་ བཞེས་སྒོའི་རིགས་ སྔོན་མངགས་འབད་རུང་ ཆ་མེད་བཏང་དགོཔ་བྱུངམ་མས་ཟེར་ཨིནམ་ལས་ དྲུང་ཁག་དང་ རྒེད་འོག་གིས་ དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་དགོཔ་འདུག་ཟེར་ཨིན་པས།
ཟ་ཁང་གི་ཇོ་བདག་ བསོད་ནམས་ཆོས་སྐྱིད་ཀྱིས་ འབད་བ་ཅིན་ ཆུ་མེད་ནི་དེ་གིས་ ཟ་ཁང་གི་ འོང་འབབ་ལུ་ ཐོ་ཕོགཔ་མས་ཟེར་ཨིན་པས།
ཝམ་རོང་ཁྲོམ་ཁར་ ཟ་ཁང་བཙུགས་སྡོད་མི་༨ དེ་ཅིག་དང་ ཚོང་པ་༢༥ ལྷགཔ་ཅིག་ཡོདཔ་ད་ འཐུང་ཆུའི་དཀའ་ངལ་ཐོན་ཏེ་ ལོ་ལེ་ཤ་ར་སོང་ཡོདཔ་བཞིན་དུ་ འཐུང་ཆུ་དེ་ འོང་བུ་སྒང་དང་ སེར་ཐང་ གཙང་ཕུག་ དེ་ལས་ ཏོ་ཀ་ཕུག་གཡུས་ཚན་གྱི་ མི་སེར་གྱི་ ཆུའི་རྐ་གཅིག་ནང་ལས་ འཐེན་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ འབད་བ་ཅིན་ ཝམ་རོང་ལུ་ གནམ་བྱཱར་དགུན་མེད་པར་ འཐུང་ཆུའི་དཀའ་ངལ་ཡོད་ཟེར་ཨིནམ་ད་ ཁྱིམ་གྱི་ཇོ་བདག་ལུ་ ཉོགས་བཤད་བཀོད་རུང་ ཁོང་ལུ་འབད་ཐབས་ མིན་འདུག་ཟེར་ཨིན་པས།
ཁྱིམ་གྱི་ཇོ་བདག་ བདེ་ཆེན་དཔལ་སྒྲོལ་གྱིས་ སླབ་མིའི་ནང་ ཁང་གླ་ཁར་སྡོད་མི་ཚུ་གིས་ ཨ་རྟག་ར་ ཉོགས་བཤད་བཀོདཔ་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ ཆུའི་འཛིན་སྐྱོང་ ལེགས་ཤོམ་འབད་བ་ཅིན་ ཆུ་ལང་མ་ཚུགས་པའི་ དཀའ་ངལ་མི་ཐོནམ་འོང་ཟེར་ཨིནམ་ད་ ཆུ་འཛིན་སྐྱོང་གི་དོན་ལུ་ ལྟ་རྟོག་འབད་མི་ ལེགས་ཤོམ་དགོཔ་འདུག་ཟེར་ཨིན་པས།
ཝམ་རོང་དྲུང་ཁག་ནང་ སྨན་ཁང་དང་ སློབ་གྲྭ་༢ དེ་ལས་ ལུང་ཕྱོགས་ཁག་གི་ ཡིག་ཚང་ཚུ་ཡོདཔ་མ་ཚད་ མི་རློབས་༢,༠༠༠ དེ་ཅིག་ཡོདཔ་ཨིན་པས།
ཝམ་རོང་དྲུང་པ་ བཀྲིས་བསྟན་འཛིན་གྱིས་ འབད་བ་ཅིན་ འཐུང་ཆུ་དང་འབྲེལ་བའི་ གནད་དོན་དེ་ གསརཔ་མེན་པའི་ཁར་ དཀའ་ངལ་ཐོན་ཏེ་ ལོ་ལེ་ཤ་ར་སོང་ནུག་ཟེར་ཨིན་པས།
འཐུང་ཆུའི་རྐ་ ཐག་རིང་མི་དང་ ས་གནས་ནང་ མི་རློབས་ཀྱི་གྱངས་ཁ་ ཡར་སེང་སོང་མི་ལུ་བརྟེན་ དཀའ་ངལ་ཐོན་ནུག་ཟེར་ དྲུང་པ་གིས་བཤད་པའི་ཁར་ དྲུང་ཁག་གིས་ འཐུང་ཆུའི་ལས་འགུལ་ལས་རིམ་ཅིག་ དགོ་པའི་སྐོར་ལས་ ཞབས་ཏོག་ལྷན་ཁག་ལུ་ གྲོས་འཆར་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དྲུང་ཁག་གིས་ ཆུའི་རྐ་ཅིག་ ས་གནས་ཤུ་གུ་ཤི་སྣང་ཟེར་སར་ ངོས་འཛིན་འབད་དེ་ཡོད་ཟེར་ཨིནམ་ད་ བརྟག་ཞིབ་ཀྱི་ལཱ་ཚུ་ཡང་ འབད་ཚར་ཡོདཔ་ལས་ དེ་གིས་ ཁྱིམ་གུང་པ་༢,༠༠༠ ལྷགཔ་ཅིག་ལུ་ ཁེ་ཕན་འབྱུང་འོང་ཟེར་ཨིན་པས།
ད་ལྟོ་ ཝམ་རོང་ཁྲོམ་ཁར་ འཐུང་ཆུའི་དཀའ་ངལ་ཐོན་མི་དེ་ འཐུང་ཆུའི་འཛིན་སྐྱོང་ ལེགས་ཤོམ་མེན་མི་ལུ་བརྟེན་ཨིནམ་ད་ མ་འོངས་པའི་ནང་ འཐུང་ཆུའི་སྤྱོད་འཐུས་བསྡུ་ལེན་གྱི་དོན་ལུ་ མི་ཊར་བཙུགས་ནིའི་ འཆར་གཞི་ཡོད་ཟེར་ དྲུང་པ་གིས་ བཤད་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། ཝམ་རོང་།