ཆུ་དུང་ལག་ལེན་འཐབ་སྟེ་ ཞིང་ཆུ་བཏོན་པའི་བསྒང་།

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག།

ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༩ ལུ་ ཉམས་བཅོས་འབད་བའི་ཤུལ་ལས་ ལྕང་ལཱ་རྐྱབ་ཡོདཔ་ད་ ད་རུང་ ཆུ་གཡུར་དེ་ མེདཔ་ཐལ་སོ་ནི་དེ་གིས་ འཕྲོ་མཐུད་ལཱ་འབད་མ་ཚུགས་པར་ ལུས་ཡོདཔ་སྦེ་ཨིན་པས།

ན་ཧིང་ ས་གནས་ཀྱི་མི་ཚུ་གིས་ འབྱ་ཞིང་ཨེ་ཀར་༧༠ ལྷགཔ་ཅིག་ ལྕང་ལཱ་རྐྱབ་མ་ཚུགས་པར་ ལུས་ཡོདཔ་ད་ ཆུ་གཡུར་དེ་ ད་ལྟོའི་བར་ན་ཡང་ ཉམས་བཅོས་འབད་མ་ཚུགས་པར་ཡོདཔ་ད་ དུས་ཅི་ཡང་ ལྕང་ལཱ་ག་དེ་སྦེ་ རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

ཕུར་པ་གིས་ སླབ་མིའི་ནང་ ན་ཧིང་ སོ་ནམ་པ་ལ་ལོ་ཅིག་གིས་ ཆརཔ་ལུ་བརྟེན་ ལྕང་ལཱ་རྐྱབ་མི་ཚུ་ཡང་ ཆུ་དཔག་མ་ཚུགས་ནི་དེ་གིས་ ཐོན་ཤུགས་ལེགས་ཤོམ་ མིན་འདུག་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་ མཛརཝ་བརྔོ་ནིའི་་དོན་ལུ་ ཕྱི་ཁ་ལས་ ནང་འདྲེན་འབད་མི་ཆུམ་ཚུ་ ཉོ་དོ་ཡོདཔ་ད་ ད་རེས་བཟུམ་ཅིག་འབད་བ་ཅིན་ ཧེ་མ་ལས་ལྷགཔ་སྦེ་ ཉོ་དགོ་པས་ཟེར་ཨིན་པས།

མཛེ་སྐོར་བཀྲིས་ཀྱིས་ སླབ་མིའི་ནང་ ཆུ་ཞིང་ཨེ་ཀར་ལས་བཅད་དེ་ སྟོངམ་སྦེ་བཞག་དགོཔ་ཐོནམ་མས་ཟེར་ཨིནམ་ད་ ཆུམ་གྱི་གོང་ཚད་ ལོ་རིམ་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འོང་འབབ་མེད་པའི་ གཡུས་མི་ཚུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

ན་ཧིང་ རྩི་སའི་ཀཝ་བཟོ་སྟེ་ ཆུ་མཐུད་འབྲེལ་འབད་ནིའི་ དཔའ་བཅམ་ཡོདཔ་ཨིན་རུང་ ཀཝ་དེ་ཚུ་གུ་ གག་གྲམ་ཕོག་ཡོདཔ་ལས་ ལེགས་ཤོམ་འགྱོ་མ་བཏུབ་ཟེར་ཨིན་པས།

རིག་འཛིན་མོ་གིས་ སླབ་མིའི་ནང་ ན་ཧིང་ ལྕང་ལཱ་རྐྱབ་ཚུགས་ཟེར་ ལྕངམ་ལེ་ཤ་བཙུགས་ཡོད་རུང་ ལཱ་འབད་མ་ཚུགས་པར་ ལྕངམ་ག་ར་ ནོར་ལུ་བྱིན་དགོཔ་ཐོན་ཡོདཔ་ད་ དུས་ཅི་ཡང་ ལཱ་འབད་ཚུགས་པའི རེ་བ་ལུ་བརྟེན་ ལྕངམ་ལེ་ཤ་ བཙུགས་ཡི་ཟེར་ཨིན་པས།

བྱང་སྦིས་ཚོགས་པ་ ལྷ་རྗེ་གིས་ སླབ་མིའི་ནང་ ཆུ་གཡུར་འཕྱགས་བདའ་བའི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ རྒྱབ་སྐྱོར་འབད་རུང་ ས་གོ་སྦོམ་སྦེ་ར་ ཆད་ཡོདཔ་ལས་ ལོག་ཉམས་བཅོས་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འཕྲུལ་ཆས་ལག་ལེན་འཐབ་སྟེ་ ཉམས་བཅོས་འབད་ནིའི་ འོས་འབབ་ཡོད་རུང་ དུས་ཅི་ ལྕང་ལཱ་གི་ དུས་ཚོད་རན་ཡོདཔ་ལས་ ག་དེ་སྦེ་ འབད་ཚུགས་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།

མི་ཚུ་གིས་ བཤད་མིའི་ནང་ ས་གནས་ནང་ འབྲུ་སྣ་༩ འི་རིགས་ཚུ་ ག་ཅི་ཡང་ འཚོ་དོ་ཡོདཔ་ཨིན་རུང་ ཆུ་མེད་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།

གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ ཐབས་ལམ་ག་དེམ་ཅིག་བཏོན་རུང་ ས་ཆ་བརྟན་ཏོག་ཏོ་མེད་མི་དང་ ས་གོ་སྦོམ་སྦེ་འཕྱགས་བདའ་ཡོདཔ་ལས་ ཉམས་བཅོས་འབད་མ་ཚུགས་ཟེར་ཨིན་པས།

ཐིམ་ཕུག་ལས་ མཁས་མཆོག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ལས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ལྟ་རྟོག་འབད་བར་ འོང་ཡི་ཟེར་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ དུས་ཅི་ ཨིན་ཅི་༣ འབད་མི་ ཆུ་དུང་ལག་ལེན་འཐབ་སྟེ་ ཆུ་མཐུད་ནིའི་ འཆར་གཞི་ཡོད་རུང་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ཆུ་དུང་ག་ར་ མཁོ་སྒྲུབ་འབད་མ་ཚུགས་ཟེར་ཨིན་པས།

ཝང་གླིང་གཡུས་ཚན་ནང་ ཁྱིམ་གུང་༢༢ ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *