མི་ངན་ཚུ་གིས་སློངས་ཡོད་པའི་ མཆོད་རྟེན་གདངས་རིངམོ།

ཝང་ཕུག་རྒེད་འོག་ ཤོག་ཤི་སྤྱི་འོག་ནང་ མཆོད་རྟེན་གདངས་རིངམོ་ཅིག་ སློངས་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་པ་གིས་ ཝང་ཕུག་རྒེད་འོག་ ཤོག་ཤི་སྤྱི་འོག་ནང་ མཆོད་རྟེན་གདངས་རིངམོ་ཅིག་ སློངས་མིའི་ཉེས་ལས་ནང་ འབྲེལ་གཏོགས་འབད་མི་ དོགས་པ་ཅན་ཚུ་ འཛིན་བཟུང་འབད་མ་ཚུགསཔ་ལས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།
མཆོད་རྟེན་དེ་ དོགས་པ་ཅན་ཚུ་གིས་ ནམ་སློངས་ཡོདཔ་ཨིན་ན་ ཏན་ཏན་སྦེ་ ཤེས་རྟོགས་མེད་རུང་ སྤྱི་ཟླ་༨ པའི་ཚེས་༢༠ ལུ་ སྤྱི་འོག་གི་ ཨམ་སྲུ་ཅིག་གིས་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ ནོར་གྱི་རྩྭ་ཆག་ལེན་པར་འགྱོ་བའི་སྐབས་ མཆོད་རྟེན་སློངས་ཡོད་སར་ མཐོང་བའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྡེ་ཚན་གྱིས་ ས་ཁོངས་ནང་སོང་སྟེ་ ཞིབ་དཔྱད་འབད་བའི་སྐབས་ དོགས་པ་ཅན་ཚུ་གིས་ མཆོད་རྟེན་དེ་གུ་ དོང་༧ དེ་ཅིག་ སྤེད་ཡོད་པའི་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
མཆོད་རྟེན་དེ་ སྤྱི་ལོ་ག་དེམ་ཅིག་ཁར་ ག་གིས་བཞེངས་ཡོདཔ་ཨིན་ན་ སྤྱི་འོག་གི་ མི་ག་གིས་ཡང་ ཤེས་རྟོགས་མེད་པའི་ཁར་ ནང་གཟུངས་ག་ཅི་ཡོདཔ་ཨིན་ན་ ཁ་གསལ་མེདཔ་ལས་ ད་ལྟོ་ ག་ཅི་ར་ ཨརཝ་བརྐུ་ཡོདཔ་ཨིན་ན་ སླབ་མི་ཤེས་ཟེར་ ཨིནམ་མ་ཚད་ ས་ཁོངས་ནང་ལས་ཡང་ ག་ནི་ཡང་ ཐོབ་མ་ཚུགསཔ་ཨིན་པས།
གནས་ཚུལ་བྱིན་མི་ཚུ་གིས་འབད་བ་ཅིན་ མཆོད་རྟེན་དེ་ ཧེ་མ་སློང་ཡོད་པའི་ ལོ་རྒྱུས་ག་ནི་ཡང་ མེདཔ་བཞིན་དུ་ དོགས་པ་ཅན་ཚུ་ བདའ་ཟུན་མ་ཚུགསཔ་ལས་ འཚོལ་བའི་བསྒང་ཡོདཔ་ད་ དུས་ཅི་ བསམ་གྲུབ་ལྗོངས་མཁར་ལུ་ མཆོད་རྟེན་སློངས་མི་དང་འབྲེལ་བའི་གནད་དོན་དེ་ འགོ་དང་པ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *