ཁ་ཙ་ཕྱི་རུ་ ཟམ་རམ་འགྱོ་སའི་ ས་ཁོངས་ནང་ སྲོག་སྐྱབས་ཀྱི་ ལཱ་འབད་བའི་བསྒང་།

ཝང་ཆུ་ཟམ་ རམ་སོང་མིའི་ནང་ ལས་མི་༣ གྱི་ཕུངམ་ ཐོབ་ཡོད་རུང་༦ འཚོལ་མ་ཐོབ་པར་ཡོདཔ།

༉ འདམ་ཆུ་དང་ ཧཱ་གི་བར་ན་ ཕྲང་ལམ་བསལ་མིའི་དོན་ལུ་ ཝང་ཆུ་གུ་ལས་ རྐྱབ་པའི་བསྒང་ཡོད་མི་ མི་ཊར་༢༠༤ འབད་མི་ རྩི་སའི་ཟམ་དེ ཁ་ཙ་ ཕྱི་རུ་ཆུ་ཚོད་༤.༣༠ དེ་ཅིག་ཁར་ རམ་སོང་པའི་ རྐྱེན་ངན་ནང་ ལས་མི་༣ གྱི་ཕུངམ་ བཏོན་ཚུགས་ཡོད་རུང་ ལས་མི་གཞན་༦ ད་རིས་འཕྲོ་མཐུད་དེ་ འཚོལ་ནི་ཨིན་པས།

འབྲུག་གི་བསྟན་སྲུང་དམག་མི་དང་ ཁྲིམས་སྲུང་འགག་པ་ དེ་ལས་ ས་ཁོངས་ནང་ཡོད་མི་ ལས་མི་ཚུ་གིས་ ཕྱི་རུའི་ཆུ་ཚོད་༨ ཚུན་ སྲོག་སྐྱབས་ཀྱི་ ལཱ་ཚུ་འབད་བའི་ཤུལ་ལས་ འཚོལ་ཞིབ་འབད་ནི་ བཤོལ་བཞག་དགོཔ་བྱུང་ནུག། 

རྐྱེན་ངན་བྱུང་པའི་སྐབས་ སྤ་རོ་ཁ་ཐུག་གི་ ཟམ་གུ་ལུ་ ལཱ་འབད་མི་ ཞི་བའི་བཟོ་རིག་འགོ་དཔོན་༢ བརྩིས་ཏེ་ ལས་མི་༩ ཡོད་མི་ག་ར་ ཟམ་རམ་འགྱོཝ་ད་ གཤོང་ནང་གཅིག་ཁར་བུད་སོཔ་ལས་ འཚོལ་མ་ཐོབ་མི་ཚུ་ཡང་ གསོན་པོ་སྦེ་ འཐོབ་ནི་བཟུམ་མེདཔ་ཨིན་པས།

རྐྱེན་ངན་དེ་གིས་ སྤ་རོ་ཁ་ཐུག་གི་ ཟམ་པའི་ཆ་ཤས་དེ་ ག་ར་རམ་སོང་ཡོདཔ་ད་ འདམ་ཆུ་ཁ་ཐུག་གི་ ཆ་ཤས་དེ་ཡང་ ཕྱེད་ཀ་ཅིག་ རམ་ཡོདཔ་མ་ཚད་ གག་གྲམ་དང་ སེར་གུ་སྦོམ་སྦེ་བཏོན་ཏེ་འདུག།

ཟམ་གྱི་ལས་འགུལ་ནང་ ལཱ་འབད་མི་ ལས་མི་ཅིག་གིས་ སླབ་མིའི་ནང་ རྐྱེན་ངན་བྱུངམ་ད་ ཉམས་རྒུདཔ་ལས་མི་ཚུ་ ཟམ་གྱི་ཟུར་ཁ་ལས་ མི་འགྱོ་སའི་ རྐང་ལམ་བཟོ་ནིའི་ནང་ ལཱ་འབད་སྡོད་ཡོདཔ་ད་ དེ་བསྒང་ སྣུམ་འཁོར་ཡང་ མ་སྡོད་ཟེར་ཨིན་ པས།

ལས་མི་གཞན་ཅིག་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་པའི་ཤུལ་ལས་ ལས་མི་ཅིག་ ཝང་ཆུ་གིས་ ཕྱགས་བདའ་འགྱོ་སར་ མཐོང་ཡོདཔ་ཨིན་རུང་ ལས་མི་གཞན་ཚུ་ རམ་སོང་མི་ ཟམ་དེ་གི་ ས་ཁོངས་ནང་ར་ རྩི་ས་རག་རོ་ཚུ་གི་འོག་ལུ་ འོང་ནི་བཟུམ་འདུག་ཟེར་ཨིནམ་ད་ ཉམས་རྒུདཔ་ག་ར་ རྒྱ་གར་གྱི་ མི་ཁུངས་ཨིན་པའི་ཁར་ ཁག་འབགཔ་དེ་ཡང་ རྒྱ་གར་ལས་ཨིན་པས།

དངུལ་ཀྲམ་ས་ཡ་༢༣༦.༨ དེ་ཅིག་འབད་མི་ ལས་འགུལ་དེ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོདཔ་ལས་ ཟམ་གྱི་བཟོ་སྐྲུན་དེ་ཡང་ གཙང་ཆུའི་ཕྱོགས་གཉིས་ཀྱི་ཧོངས་ལས་ རྐྱབ་ཡོད་མི་དེ་ ཟླཝ་དག་པ་ཅིག་གི་ཧེ་མར་ སྦུག་ལུ་མཐུད་སྦྲེལ་འབད་དེ་ ལས་འགུལ་གྱི་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ཡོད་རུང་ ལཱ་ཚུ་ག་ར་ མཇུག་མ་བསྡུཝ་ལས་ སྤྱིར་བཏང་གི་དོན་ལུ་ སྒོ་མ་ཕྱེ་བར་ བཞག་ཡོདཔ་ཨིན་པས།

ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ རྐྱེན་ངན་དེའི་སྐོར་ལས་ ག་ནི་ཡང་ སླབ་མ་བཏུབ་རུང་ ལས་མི་ཚུ་གིས་ སླབ་མིའི་ནང་ ཟམ་གྱི་ལཱ་ཚུ་ མཇུག་བསྡུ་རན་ཁར་ལྷོད་ཡོདཔ་ལས་ ལྗིད་འབག་ཚད་ བལྟ་ནིའི་དོན་ལུ་ རྡོ་རུག་བླུགས་མི་ ཕད་ཙེ་ཚུ་ ཟམ་གྱི་ཉེ་འདབས་ལུ་ གྲ་སྒྲིག་འབད་བསྐྱལ་བཞག་ཅི་ཟེར་ཨིན་པས།

ཀི་ལོ་མི་ཊར་༡༢ འབད་མི་ ཕྲང་ལམ་དེ་གིས་ ཆུ་འཛོམས་ལས་ ཧཱ་ལུ་འགྱོ་མི་ གཞུང་ལམ་གྱི་ས་གནས་ ཝ་ན་ཁ་ལུ་ མཐུད་སྦྲེལ་འབད་དེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *