སྤྱི་ཟླ་༢ པའི་ཚེས་༩ ལུ་ རམ་སོང་མི་ ཝང་ཆུ་ཟམ་གྱི་མཐོང་སྣང་།

ཝང་ཆུ་ཟམ་རམ་འགྱོ་སར་ མཐོང་མི་ཚུ་གིས་ རྐྱེན་ངན་སྐོར་ལས་ བཤད་མིའི་ལོ་རྒྱུས།

༉ སྐྱེས་ལོ་༣༠ ལང་མི་ རུ་བིཤ་ མོ་ཧོ་ཏོ་དེ་ འདམ་ཆུ་ཟམ་གསརཔ་ རམ་མ་འགྱོ་བའི་ དུས་ཡུན་སྐར་མ་༢ དེ་ཅིག་གི་ཧེ་མར་ ཟམ་པའི་གུ་ ཆ་རོགས་གཞན་ཚུ་དང་གཅིག་ཁར་ ལཱ་འབད་སྡོད་པའི་བར་ན་ ཆུ་འཐུང་ནི་སྦེ་ ཟམ་གྱི་ཉེ་འདབས་ལུ་ཡོད་མི་ སྦ་སྒོར་ནང་ འོང་ནི་དེ་གིས་ ཁོ་ར་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ཨིན་པས།

ཁོ་གིས་ ཟམ་དེ་ རམ་འགྱོ་ནིའི་ རྟགས་མཚན་ཚུ་ ག་ནི་ཡང་མ་མཐོང་ཟེར་ བཤད་པའི་ཁར་ ཁོ་དང་གཅིག་ཁར་ ཆ་རོགས་༢ ཡང་ སྡོད་སྒར་ནང་ འོང་ཡོདཔ་ལས་ རྐྱེན་ངན་མ་བྱུང་པས།

ཁ་ཙ་ རུ་བིཤ་ མོ་ཧོ་ཏོ་དང་གཅིག་ཁར་ ལས་མི་གཞན་ཚུ་གིས་ འཕྲོ་མཐུད་དེ་ ལས་མི་༦ གི་ ཕུངམ་འཚོལ་བར་ འོང་ཡོད་རུང་ ཕུངམ་ཕུད་རྡོག་གཅིག་ཡང་ མ་ཐོབ་པས། 

ཁོ་བཟུམ་སྦེ་ བིཤ་བ་ཇིད་དེབ་སིང་ཡང་ ཆུ་འཐུང་པར་ འོང་སྡོད་པའི་སྐབས་ ལོག་བལྟ་བའི་སྐབས་ ཟམ་སྦུག་ལས་ རམ་འགྱོ་སར་ མཐོང་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཟམ་རམ་འགྱོཝ་ད་ ཉམས་རྒུདཔ་ལས་མི་ཚུ་ ལཱ་འབད་དེ་ སྡོད་ཡོདཔ་ལས་ ཁོང་གི་གྲས་ལས་ ལས་མི་༢ ཁོང་རའི་ཚེ་སྲོག་ ཉེན་སྐྱོབ་འབད་ནིའི་དོན་ལུ་ སྤ་རོ་ཁ་ཐུག་ལུ་ རྒྱུག་འགྱོ་ནིའི་ དཔའ་བཅམ་སར་ མཐོང་ཡོདཔ་ཨིན་རུང་ ཟམ་དང་གཅིག་ཁར་ ཝང་ཆུའི་གཤོང་ནང་ བུད་ཡར་སོ་ཡི་ཟེར་ཨིན་པས།

སྤྱི་ཟླ་༢ པའི་ཚེས་༩ འི་ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ འདམ་ཆུ་དང་ ཧཱ་གི་བར་ན་ གསརཔ་རྐྱབ་མི་ ཝང་ཆུ་ཟམ་དེ་ ཧང་སྟོང་མར་ རམ་འགྱོ་བའི་སྐབས་ ལས་མི་༩ ལུ་ རྐྱེན་ངན་བྱུང་པའི་ཤུལ་ལས་ ལས་མི་༣ གྱི་ཕུངམ་ བཏོན་ཚུགས་རུང་ གནམ་སྲོ་མི་ལུ་བརྟེན་ ལས་མི་གཞན་ཚུ་ འཚོལ་ནི་དེ་ མཚམས་འཇོག་འབད་དགོཔ་བྱུང་ནུག།

ཕུངམ་འཚོལ་མ་ཐོབ་མིའི་གྲས་ཁར་ ཤ་བ་ཇིད་ དིབ་སིང་གི་ ཕོ་སྤུན་ཅིག་ཡང་ཡོདཔ་ཨིན་རུང་ ཁ་ཙ་ བསྟན་སྲུང་དམག་མི་དང་ བདེ་སྲུངཔ་ དེ་ལས་ ལས་མི་ཚུ་གིས་ བུད་སོང་མི་ ལས་མི་གཞན་ཚུ་ འཚོལ་ནི་གི་ དཔའ་བཅམ་ཡོད་རུང་ ཟམ་རམ་སོང་མི་ ཆ་ཤས་ཚུ་ དཔྱངས་ཏེ་ཡོདཔ་ལས་ བུད་འོང་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ལས་ འཕྲོ་མཐུད་འཚོལ་ནི་ བཤོལ་བཞག་ཡོདཔ་ཨིན་པས།

བསྟན་སྲུང་དམག་མི་ཅིག་གིས་ ཕུངམ་འཚོལ་བར་སོང་ཡོད་རུང་ ཟམ་གྱི་ཆ་ཤས་ཚུ་ བུད་འོང་ནིའི་ ཉེན་ཁ་འདུག་ཟེར་ བཤདཔ་མ་ཚད་ ཝང་ཆུའི་མཐའ་མར་ རག་རོ་ཚུ་ སྤུངས་ཡོད་མི་ཚུ་ཡང་ མི་གིས་ འཐུ་མི་ཚུགས་ནི་མས་ཟེར་ སླབ་ཨིན་པས།

བིཤ་བ་ཇིད་ དིབ་སིང་གིས་ བཤད་མིའི་ནང་ ཉམས་རྒུདཔ་ལས་མི་ཚུ་ ཟམ་གྱི་ཟུར་ཁར་ མིའི་རྐང་ལམ་གུ་ རྩི་སའི་ལཱ་འབད་བའི་བསྒང་ཡོད་མི་དེ་ ད་རིས་ དེ་ཅིག་ཁར་ ལཱ་མཇུག་བསྡུ་ནིའི་ ལས་འཆར་ཨིན་ཟེར་ཨིན་པས།

ལས་འགུལ་གྱི་ལཱ་ཚུ་ ཧ་ལམ་ འབད་ཚར་ཡོདཔ་ལས་ ལས་མི་༡༩ དེ་ཅིག་ལས་མེདཔ་ད་ འཕྲལ་ཁམས་ཅིག་ཁར་ལྷོད་མི་ ལས་མི་ཅིག་གིས་ སླབ་མིའི་ནང་ ཁོ་ར་འགོ་དང་པ་ ཟམ་མཐོངམ་ད་ བར་ན་ཀཝ་ཅིག་དགོཔ་བཟུམ་སྦེ་ར་ མཐོང་ཡོདཔ་ཨིན་རུང་ ག་དེ་སྦེ་ རམ་ཡར་སོཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།

ལས་མི་ཚུ་གི་ ཕུངམ་འཚོལ་ནི་དེ་ ཉེན་ཁ་ཡོདཔ་ལས་ ད་རིས་ལས་ ས་བརྐོ་འཕྲུལ་ཆས་ཚུ་བཙུགས་ཏེ་འཚོལ་ནིའི་ འཆར་གཞི་ཡོད་རུང་ ལས་མི་ལ་ལོ་གིས་ གཙང་ཆུ་བདའ་སྟེ་ ཕུངམ་འཚོལ་ཡོད་རུང་ གཅིག་ཡང་ མ་མཐོང་ཟེར་ཨིན་པས།

ཟམ་རམ་སོང་པའི་འབྱེམ་གྱིས་ འདམ་ཆུ་ཁ་ཐུག་གི་ ཀཝ་དེ་གི་ འགྱམ་རྩིག་གུ་ སེར་གུ་སྦོམ་བཏོན་ཡོདཔ་ད་ ཟམ་གྱི་སྦོ་ལོགས་ཁར་འགྱོཝ་ད་ དཔྱངས་ཏེ་ཡོད་མི་ ཆ་ཤས་ཚུ་ ད་ལྟོ་ར་ བུད་འོང་སག་ས་སྦེ་ སྐད་ཚུ་རྐྱབ་སར་གོཝ་མས།

ཁག་འབགཔ་ཏ་ནུསི་ཨ་ག་ར་ཝཱལ་གྱིས་ ཁ་ཙ་ཡང་ རྐྱེན་ངན་དེའི་སྐོར་ལས་ བརྡ་བརྒྱུད་དང་གཅིག་ཁར་ ཁ་སླབ་མ་བཏུབ་རུང་ ཁོ་གི་ ལས་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་སྡེ་གིས་ རྒྱ་གར་ལུ་ ཟམ་རྐྱབ་པའི་ལོ་རྒྱུས་ཚུ་ བཤདཔ་ཨིན་པས།

ཉིནམ་དང་པའི་ནང་ཐོབ་མི་ ཕུངམ་གསུམ་དེ་ ད་ལྟོ་ ཌཱན་ཊག་ལས་འགུལ་དང་གཅིག་ཁར་ཡོདཔ་ཨིན་པས།

ལས་མི་ཚུ་དང་འཁྲིལཝ་ད་ ཁག་འབག་ལས་སྡེའི་ ཇོ་བདག་དེ་ ཝང་ཆུ་ཟམ་གྱི་ལཱ་ཚུ་མཇུག་བསྡུ་སྟེ་ རྩིས་སྤྲོད་འབད་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་རྐྱངམ་གཅིག་འོང་སྟེ་ ཟུར་བཞག་ནང་ སྡོད་ཅི་ཟེར་ཨིན་པས།

ཌཱན་ཊག་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ རྐྱེན་ངན་དེའི་སྐོར་ལས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོད་རུང་ བརྡ་བརྒྱུད་དང་གཅིག་ཁར་ ག་གིས་ཡང་ ཁ་སླབ་མི་བཏུབ་དོ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *