ཞིང་ཆུ་ལས་འགུལ་ འཐུས་ཤོར་བྱུངམ་ལས་ སོ་ནམ་པ་ཚུ་ སྐོར་རྒྱབ་སྦེ་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།

ཝང་ཅང་རྒེད་འོག་གི་ སོ་ནམ་པ་ཚུ་ ཞིང་ཆུ་ལུ་ སྒུག་དོ་ཡོདཔ།

༉ སྤྱི་ལོ་༢༠༡༦ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༥༣ བཏང་ཐོག་ལས་ ཝང་ཅང་རྒེད་འོག་གི་ སྤྱི་འོག་༢ ནང་ སྤ་ཆུ་ལས་ ཆུ་འཐེན་ཞིནམ་ལས་ ཞིང་ཆུ་བཀྲམ་སྤེལ་འབད་ནིའི་ ལས་འཆར་དེ་ འཐུས་ཤོར་བྱུངམ་ལས་ སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

ཞིང་ཆུའི་ཆུ་དུང་དེ་ ས་འོག་ལུ་ར་ཡོད་པའི་ཁར་ ཆུ་མཛོད་དེ་ཡང་ ལག་ལེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ཞིང་ཆུའི་ལས་འཆར་དེ་ཡང་ ན་ཁ་སྨན་ལྡི་དང་ ལྕང་མཁར་ཇང་ཏ་ན་སྤྱི་འོག་༢ ཀྱི་ ཁྱིམ་གུང་༢༠༠ ལྷགཔ་ཅིག་ལུ་ གློག་ཤུགས་ལག་ལེན་ཐོག་ལས་ སྤ་ཆུ་ལས་ ཆུ་འཐེན་ཏེ་ ཞིང་ཆུ་བཀྲམ་སྤེལ་འབད་ནིའི་དོན་ལས་ འགོ་བཙུགས་ཡོདཔ་ཨིན་པས།

ཞིང་ཆུ་བཏོན་ནིའི་ནང་ འཐུས་ཤོར་མི་ལུ་བརྟེན་ ས་གནས་ནང་ ཞིང་སྟོང་ལུས་ཏེ་ཡོདཔ་ཨིན་པས།

ད་རེས་ སྤྱི་འོག་༢ ཀྱི་མི་ཚུ་ སྐོར་རྒྱབ་སྦེ་ ལྕང་ལཱ་རྐྱབ་དོ་ཡོདཔ་ཨིན་པས།

བྱང་ས་ལས་ བདེ་སྐྱིད་ཀྱིས་ སླབ་མིའི་ནང་ གཞུང་གིས་ ཞིང་ཆུའི་དཀའ་ངལ་བསལ་ནིའི་དོན་ལུ་ ཟད་འགྲོ་འབོར་ཆེ་ཏོག་ཏོ་སྦེ་ བཏང་ཡོད་རུང་ འཆར་གཞི་བརྩམས་དོ་བཟུམ་སྦེ་ འགྱོ་མ་བཏུབ་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ལས་འགུལ་འགོ་བཙུགས་ཏེ་ ལོ་༥ དེ་ཅིག་ ལང་ཡོད་རུང་ ག་ཅི་ལུ་བརྟེན་ འཐུས་ཤོར་སོཔ་ཨིན་ན་ ཧ་མ་གོ་ཟེར་ཨིན་པས།

བདེ་སྐྱིད་ལུ་ ཆུ་ཞིང་ཨེ་ཀར་༢ ཡོདཔ་ལས་ ཞིང་ཆུ་མེད་ནི་དེ་གིས་ འབྱ་ཞིང་ཨེ་ཀར་༡ རྐྱངམ་གཅིག་ ལྕང་ལཱ་རྐྱབ་ཡོདཔ་ད་ དུས་ཅི་ལས་ མོ་གིས་ གཙང་ཆུའི་མཐའ་མར་ཡོད་མི་ ས་ཞིང་ཨེ་ཀར་༥ ནང་ ལཱ་འབད་ནི་ འགོ་བཙུགས་མི་དེ་ཡང་ ཆུ་སྦོ་ལོགས་ཁར་ཡོདཔ་ལས་ ལཱ་འབད་ནི་ལུ་ སྟབས་བདེ་བས་ཟེར་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ སྤྱི་འོག་༢ ནང་ གནམ་སེར་ཁ་ལུ་ ཆུའི་རྐ་ལས་ཐོན་མི་ ཆུ་ཆུང་ཀུ་འགྱོ་དོ་་ཡོདཔ་ལས་ ཁྱིམ་གུང་༢༠༠ ལུ་ ཆུ་བགོ་བཀྲམ་འབད་ནི་དེ་ ལཱ་ཁག་ཡོད་ཟེར་ཨིནམ་ད་ མོ་བཟུམ་སྦེ་ ཁྱིམ་གུང་༧༠ དེ་ཅིག་གི་ ཆུ་ཞིང་ཚུ་ སྟོངམ་བཞག་ཡོདཔ་མ་ཚད་ ས་ཆ་ལ་ལོ་ཅིག་ནང་ ཨེ་པཱལ་བཙུགས་ཡོད་ཟེར་ཨིན་པས།

སྤྱི་འོག་༢ ཀྱི་དོན་ལུ་ རོང་ཆུ་དེ་ འདྲ་མཉམ་སྦེ་ བགོ་བཤའ་རྐྱབ་སྟེ་ སྐོར་རྒྱབ་སྦེ་ ལྕང་ལཱ་རྐྱབ་བཅུག་དོ་ཡོདཔ་ཨིན་པས།

རོང་ཆུ་དེ་ བྱང་སྟོད་ན་ལུ་ ལྕང་ལཱ་རྐྱབ་ཞིནམ་ལས་རྐྱམ་གཅིག་ གཡུས་གཞན་ཁར་ ཆུ་གཏང་དོ་ཡོདཔ་ད་ དེའི་དོན་ལུ་ བདུན་ཕྲག་༡ དེ་ཅིག་ འགོར་དོ་ཡོདཔ་ཨིན་པས།

ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ ལམ་ལུགས་དེ་ ཕ་མའི་སྐབས་ལས་ར་ ལག་ལེན་འཐབ་ཡོདཔ་བཞིན་དུ་ ཁྱིམ་གུང་རེ་ལུ་ ཆུ་དཔག་ནིའི་དུས་ཡུན་ ཉིནམ་༡ རྐྱངམ་ཅིག་ ཐོབ་དོ་ཡོདཔ་ཨིན་པས།

སྒྲོལ་དཀར་གྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་ཚུ་གིས་ སྤྱི་འོག་ནང་ ཞིང་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་རུང་ མི་མང་ཤོས་ཀྱི་ཞིང་ཚུ་སྟོངམ་སྦེ་ བཞག་སྟེ་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཞིང་ཆུ་བཀྲམ་སྤེལ་འབད་ནིའི་ འཆར་གཞི་དེ་ མཐར་འཁྱོལ་འགྱོ་བ་ཅིན་ ཆུ་མཛོད་དེ་གི་ ལྕང་མཁར་དང་ སྨན་ལྡི་ལུ་ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ཚུགས་ནི་མས་ཟེར་ཨིན་པས།

ཕུརཔ་རྡོ་རྗེ་གིས་ ཆུ་ཞིང་ཚུ་ སྐམ་ཞིང་ལུ་ བསྒྱུར་བཅོས་འབད་མ་ཚུགསཔ་མ་ཚད་ ཁྱིམ་རྐྱབ་མ་ཚུགས་པར་སྟོངམ་སྦེ་ བཞག་ཡོད་ཟེར་ བཤད་པའི་ཁར་ ཞིང་ཆུའི་དཀའ་ངལ་ལུ་བརྟེན་ འབྱ་ཞིང་ཨེ་ཀར་༢ ལས་བརྒལ་ ལཱ་འབད་མ་ཚུགས་ཟེར་ཨིན་པས།

ཞིང་ཆུའི་འཆར་གཞི་འཐུས་ཤོར་མི་དེ་ཡང་ འབྲེལ་ཡོད་དབང་འཛིན་ལས་ ལྟ་རྟོག་དང་ སྤུས་ཚད་ལེགས་ཤོམ་མེད་མི་ལུ་བརྟེན་ཨིནམ་ད་ ཆུ་དུང་མང་ཤོས་ར་ གག་གྲམ་ཕོག་སྟེ་ཡོདཔ་ཨིན་པས།

ན་ཁ་སྨན་ལྡི་ཚོགས་པ་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འཆར་གཞི་༡༡ པའི་ནང་ ཆུའི་དཀའ་ངལ་ལུ་བརྟེན་ རྒེད་འོག་ནང་ མི་ཊར་༩༠༠ འབད་མི་ ཆུ་དུང་དང་ ཆུ་བསགས་མཛོད་དགོ་པའི་ ཞུ་བ་ཕུལ་ཡོདཔ་བཞིན་དུ་ ཁག་འབགཔ་གིས་ ཆུ་མཛོད་དེ་ ཆུ་གཡུར་འོག་ལུ་ རྐྱབ་ཡོདཔ་ལས་ ཉོགས་བཤད་བཀོད་ཡོདཔ་ཨིན་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།

ཝང་ལྕང་རྒཔོ་ ཀུན་བཟང་རིག་འཛིན་གྱིས་ སླབ་མིའི་ནང་ གནད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ལྷོད་ཡོདཔ་ལས་ རྒེད་འོག་གིས་ ག་ནི་ཡང་ འབད་ཐབས་མིན་འདུག་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ རྩིས་ཆད་ཚུ་ ཧིང་སངས་ས་མ་བཟོཝ་ཚུན་ རྒེད་འོག་ལས་ འཆར་དངུལ་འཚོལ་ཐབས་མིན་འདུག་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱ྄ར་ ཉིམ་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *