ཝང་གླིང་གཡུས་ཚན་གྱི་ སོ་ནམ་ཞིང་ལམ།

ཝང་གླིང་གཡུས་ཚན་གྱི་ སོ་ནམ་ཞིང་ལམ་གནས་སྟངས་ ལེགས་ཤོམ་མེད་པའི་དཀའ་ངལ།

༉ གླང་མཐིལ་རྒེད་འོག་ ཝང་གླིང་གཡུས་ཚན་ནང་ སོ་ནམ་ཞིང་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ལས་ མི་ཚུ་ཚ་གྱང་ལང་སྟེ་འདུག།

རྒེད་འོག་ལྟེ་བ་ལས་ ཝང་གླིང་ཚུན་ ལམ་ཀི་ལོ་མི་ཊར་༧ ཡོདཔ་ད་ དེ་ནང་ལས་ གཡུས་ཚན་ཁ་ཐུག་གི་ ལམ་ཀི་ལོ་མི་ཊར་༣ དེ་ཅིག་ གྱེན་དང་བྱག་ དེ་ལས་ བསྒོར་ལྟབ་ཆུང་ཀུ་ཡོདཔ་ལས་ གནས་སྟངས་ལེགས་ཤོམ་མེདཔ་ཨིན་པས།

མི་ཚུ་གིས་ སླབ་མིའི་ནང་ གཡུས་ཁ་ལུ་ གློ་བུར་གྱི་ དཀའ་ངལ་རེ་འཐོན་པའི་སྐབས་ སྣུམ་འཁོར་ཚུ་ ལམ་ལེགས་ཤོམ་མེདཔ་ལས་ འོང་མི་བཏུབ་པས་ཟེར་ཨིན་པས།

ན་ཏོ་ལ་གིས་ སླབ་མིའི་ནང་ གཡུས་ཁར་ལམ་བཏོན་ཡོད་རུང་ གནམ་བྱཱར་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེདཔ་ལས་ ས་གནས་ཁག་ཚུ་ནང་ ལམ་བསུབས་དོ་ཡོདཔ་ལས་ ཕར་ཚུར་འགྱོཝ་ད་ མང་ཤོས་ར་ རྐང་སྟོང་སྦེ་འགྱོ་དགོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཡུས་ཁའི་མི་ཚུ་གིས་ འཕྲལ་འཕྲལ་ར་ ལམ་བསུབས་སེལ་དོ་ཡོདཔ་མ་ཚད་ རྒེད་འོག་གིས་ཡང་ ཉམས་བཅོས་དུམ་གྲ་རེ་འབད་དོ་ཡོདཔ་ད་ ཉམས་བཅོས་འབད་མ་དགོཔ་སྦེ་ ལེགས་ཤོམ་བཟོ་གནང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ པདྨ་ཚེ་རིང་གིས་ སླབ་མིའི་ནང་ ལམ་དེ་ཁར་ གནམ་དགུན་སྣུམ་འཁོར་ཚུ་ ཐལ་དོ་ཡོདཔ་ད་ ད་རེས་ ནངས་པར་ སྣུམ་འཁོར་བོ་ལེ་རོ་ཚུ་ རྐྱངམ་གཅིག་ཐལ་དོ་ཡོདཔ་ལས་ མི་ཚུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ གཡུས་ཁའི་མི་ཚུ་ ནདཔ་འཐོན་པ་ཅིན་ སྨན་ཁང་གི་སྣུམ་འཁོར་ཡང་ ས་གནས་ནང་ འོང་མི་ཚུགས་ནི་ཨིནམ་ལས་ ལམ་དེ་ ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིན་པས།

མི་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ཡང་ ལམ་དེ་ ཉམས་བཅོས་འབད་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ དུས་རྒྱུན་ལམ་ཉམས་བཅོས་འབད་ནི་དང་ གཡུས་ཁའི་ལཱ་ཚུ་འབད་དགོཔ་ལས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ ཉམ་བཅོས་འབད་བཞིན་དུ་ཡོད་ཟེར་ཨིན་པས།

མི་ཚུ་གིས་ བྱང་སྦིས་ལས་ ཝང་གླིང་ཁ་ཐུག་ ལམ་གསརཔ་བཏོན་དགོ་པའི་ ཞུ་བ་འབད་ཡོདཔ་ད་ དེའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༤༠ དེ་ཅིག་ གནས་ནི་ཨིནམ་ལས་ འཆར་དངུལ་ལེ་ཤ་དགོཔ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ ལམ་གསརཔ་བསལ་ནི་ལས་ ད་ལྟོ་ཡོད་པའི་ལམ་དེ་ར་ ཉམས་བཅོས་ལེགས་ཤོམ་འབད་བ་ཅིན་ མ་དངུལ་ཡང་ སྦོམ་མི་གནས་ནི་ཨིནམ་ལས་ ཉམས་བཅོས་འབད་འོང་ཟེར་ཨིན་པས།

ཝང་གླིང་གི་ སོ་ནམ་ཞིང་ལམ་ཉམས་བཅོས་འབད་ནི་དེ་ ད་རེས་ཀྱི་ འཆར་དངུལ་ནང་ཡོདཔ་ལས་ ལམ་གྱེན་ཡོད་ས་དང་ ལམ་བསྒོར་ལྟབ་ཚུ་ རྒྱ་སྐྱེད་འབད་ནི་ དེ་ལས་ གཡུར་བ་ཚུ་ ལེགས་ཤོམ་བཟོ་ནི་ཨིན་པའི་ཁར་ རྒེད་འོག་ལྟེ་བ་ལས་ བྱང་སྦིས་ཚུན་ ལམ་རྩི་ནག་གཏང་ནི་ཨིནམ་ལས་ ཝང་གླིང་གི་མི་ཚུ་ལུ་ཡང་ ཕན་ཐོགས་བྱུང་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *