ཚོད་བསྲེའི་ཐོན་སྐྱེད་ རང་ལྡང་བཟོ་ནི་ལུ་ གཙོ་རིམ་བཟུང་དགོཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ དུས་ཚོད་ནང་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ ནང་འཁོད་ཀྱི་ ཚོང་ཁྲོམ་ཚུ་ནང་ བཀྲམ་སྤེལ་འབད་མི་དེ་གིས་ ནང་འདྲེན་མར་ཕབ་འབད་ནི་ལུ་ ཕན་ཁྱད་བྱུང་ནུག།

དེ་ཡང་ འབྲུག་གིས་ སྤྱི་ལོ་༢༠༡༨ དང་༢༠༡༩ ལུ་ ཚོད་བསྲེ་མེ་ཌིག་ཊཱན་༡༧,༨༥༥ དང་༡༠,༤༥༥ དེ་ཅིག་ ནང་འདྲེན་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༨ ལུ་ ནང་འདྲེན་འབད་མི་ བརྒྱ་ཆ་༤༡ མར་བབས་སོང་མི་དེ་ ནང་འཁོད་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་གི་དོན་ལས་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་མས།

རྫོང་ཁག་ཚུ་གི་གྲས་ལས་ རྩི་རང་གིས་ ནུབ་ཕྱོགས་རྫོང་ཁག་ ཐིམ་ཕུག་དང་ དབང་འདུས་ཕོ་བྲང་ སྤུ་ན་ཁ་ཚུ་ནང་ ཚོད་བསྲེ་བཀྲམ་སྤེལ་འབད་མི་དེ་ མཐོ་ཤོས་ཅིག་ཨིན་རུང་ རྫོང་ཁག་དེ་གིས་ ནང་འདྲེན་ཡང་ རྒྱ་ཆེ་དྲགས་སྦེ་ར་ འབད་དོ་ཡོདཔ་ལས་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ སོ་ནམ་པ་ཚུ་ སེམས་མ་དགའ་བར་ ཡོད་མི་དེ་ཡང་ ནང་འདྲེན་འབད་མི་གིས་ ཁོང་གི་ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ལུ་ ཐོ་ཕོག་མི་ལུ་བརྟེན་ཨིན་མས།

རྩི་རང་གིས་ ཚོད་བསྲེའི་རིགས་ རྒྱ་ཆེཝ་སྦེ་ འཛིན་སྐྱོང་འབདཝ་མ་ཚད་ ལོ་བསྟར་བཞིན་དུ་ ཚོད་བསྲེ་ཨེ་མ་དང་ སྲནམ་ཅུམ་ དེ་ལས་ མེ་ཏོག་ཀོ་པི་མེ་ཊིག་ཊཱོན་༣,༠༠༠ ལྷགཔ་རེ་ ཐོན་སྐྱེད་འབདཝ་ཨིན་རུང་ ཀེ་བ་དང་ སྒོགཔ་ཚུ་ ད་ལྟོའི་བར་ན་ཡང་ ནང་འདྲེན་འབདཝ་ཨིན་མས།

དཔྱ་སྙོམས་ལུ་ རྩི་རང་རྫོང་ཁག་གིས་ བདུན་ཕྲག་རེ་ནང་ ཀེ་བ་ཀེ་ཇི་༢,༠༠༠ དང་ སྒོགཔ་ཀེ་ཇི་༡,༢༠༠ ལྷགཔ་རེ་ ནང་འདྲེན་འབད་དོ་ཡོད་པའི་ གནས་སྡུད་དེ་ སོ་ནམ་པ་ཚུ་ལུ་ གསལ་སྟོན་འབད་བ་ཅིན་ རྣམ་རྟོག་ལང་འོང་།

ག་འཆརཔ་ཟེར་བ་ཅིན་ སོ་ནམ་པ་ཚུ་གིས་ ཀེ་བ་དང་ སྒོགཔ་ཚུ་འཛུགས་སྐྱོང་འབད་དེ་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་ཚུགས་པའི་ ལྕོགས་གྲུབ་ཡོད་རུང་ ཚོད་བསྲེ་དེ་གཉིས་ ནང་འདྲེན་བཀག་འཛིན་མ་འབད་བར་ འཕྲོ་མཐུད་དེ་ར་ ཚོང་འབྲེལ་འཐབ་བཅུག་མི་གིས་ སེམས་ཤུགས་ཉམས་འགྱོ་བའི་ བརྡ་མཚོན་ཅིག་ཡང་ཨིན་མས།

ཀེ་བ་དང་ སྒོགཔ་ཚུ་ རྒྱ་གར་ལས་ར་ ནང་འདྲེན་འབད་དགོཔ་ཡོདཔ་ཨིན་ན? 

ཀེ་བ་ཚུ་ སོ་ནམ་པ་མང་ཤོས་ཅིག་གིས་ ཚོང་འབྲེལ་གྱི་དོན་ལུ་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་དེ་ རྒྱལ་ཁབ་ཀྱི་ཕྱི་ཁར་ བཙོངམ་ཨིན་རུང་ རྒྱལ་ཁབ་ནང་ ཁྱེགས་ལྡན་བསིལ་མཛོད་ཀྱི་ མཐུན་རྐྱེན་གངམ་མེདཔ་ལས་ ང་བཅས་ཀྱི་ ཐོན་སྐྱེད་ཕྱིར་བཙོང་འབད་མི་ཚུ་ ལོག་སྟེ་ར་ ཉོཝ་ཨིན་མས།

འཕྲལ་ཁམས་ཅིག་ཁར་ མཇུག་བསྡུ་མི་ རྩི་རང་རྫོང་ཁག་ཚོགས་འདུ་ནང་ ནང་འདྲེན་ཚད་འཛིན་འབད་དགོ་པའི་ ཞུ་བ་འབད་མི་དེ་ལུ་ འབྲེལ་ཡོད་དབང་འཛིན་གྱིས་ ངོཤ་ལེན་འབད་དགོཔ་འདུག། 

ད་རེས་ནངས་པར་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་ལཱ་འབད་ནི་ལུ་ ཨ་རྟག་དང་མ་འདྲཝ་སྦེ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཚོང་འབྲེལ་གྱི་ གོ་སྐབས་སྦོམ་ཡོདཔ་ མཐོང་ནི་དེ་གིས་ཨིནམ་ད་ འབྲུག་ལུ་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེ་ཐོན་སྐྱེད་འབད་ཚུགས་པ་ཅིན་ རྒྱལ་ཡོངས་ཀྱི་དམིགས་ཡུལ་ བཟའ་འཐུང་གི་ ཉེན་སྲུང་ངེས་བརྟན་ཡོདཔ་ བཟོ་ནི་དང་ རང་མགོ་རང་འདྲོངས་ལུ་ཡང་ ལྷན་ཐབས་འབྱུང་ཚུགས།

དེ་འབདཝ་ལས་ གཞུང་གིས་ ནང་འཁོད་ཀྱི་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ལུ་ འཕྲོ་མཐུད་དེ་ར་ བརྩོན་ཤུགས་བསྐྱེད་དེ་ ནང་འདྲེན་ཚུ་ ག་དེ་དྲག་དྲག་ མར་ཕབ་འབད་དགོ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *