ཚོད་བསྲེའི་ལཱ་འབད་མི་ ཚོད་བསྲེ་སྡེ་ཚན་གྱི་ འཐུས་མི་ཚུ།

ཚོད་བསྲེ་སྡེ་ཚན་གཞི་བཙུགས་ཐོག་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་དོ་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ནང་ སྤྱི་འོག་༥ ཡོད་པའི་གྲས་ལས་ གསེར་ཁག་པོ་ ཝེང་མཁར་སིང་སྤྱི་འོག་ནང་ ཚོད་བསྲེ་སྡེ་ཚན་༢ གཞི་བཙུགས་འབད་མི་དེ་ ད་རེས་ནངས་པར་ དཔེ་ལྟ་སའི་གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༣ ལུ་ གཞི་བཙུགས་འབད་མི་ ཝེང་མཁར་སིང་ཚོད་བསྲེ་སྡེ་ཚན་ནང་ འཐུས་མི་༡༧ ཡོདཔ་ད་ སྡེ་ཚན་དེ་གིས་ ཟླཝ་རེ་ནང་ དགྲ་མེད་རྩེ་སློབ་གྲྭ་ལྟེ་བའི་ནང་ ཚོད་བསྲེ་ཐེངས་༢ རེ་ བཙོང་དོ་ཡོདཔ་ཨིན་པས།
ཝེང་མཁར་སིང་ཚོད་བསྲེ་སྡེ་ཚན་ནང་ འཐུས་མི་༡༧ དང་ བར་ཟོར་ཚོད་བསྲེ་སྡེ་ཚན་ནང་ འཐུས་མི་༡༣ ཡོདཔ་ད་ སྡེ་ཚན་ཚུ་གིས་ སྐོར་རྒྱབ་ཐོག་ལས་ ཟླ་རིམ་བཞིན་དུ་ སློབ་གྲྭ་ལྟེ་བའི་ནང་ ཚོད་བསྲེ་ཚུ་ བཙོང་དོ་ཡོདཔ་ཨིན་པས།
ཚེད་བསྲེ་ཚོགས་པའི་འཐུས་མི་ བཀྲིས་ལྷ་མོ་གིས་ སླབ་མིའི་ནང་ སྡེ་ཚན་གྱིས་ ཚོད་བསྲེ་བཙུགས་ནིའི་དུས་ཚོད་ཡང་ སློབ་གྲྭའི་ བདག་སྐྱོང་གིས་ དུས་མཐུན་བཟོ་མི་དང་འཁྲིལ་ བཙུགས་དོ་ཟེར་ཨིན་པས།
ཝེང་མཁར་སིང་ལས་ སྐྱེས་ལོ་༤༣ ལང་མི་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ཚོད་བསྲེ་སྡེ་ཚན་ནང་ འཐུས་མི་སྦེ་ འཛུལ་མི་ལུ་བརྟེན་ སྤྱི་ལོ་༢༠༡༦ ལུ་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དང་ དུས་ཅི་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ འཐོབ་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྐྱེས་ལོ་༤༡ ལང་མི་ སངས་རྒྱས་ཀྱིས་འབད་བ་ཅིན་ ན་ཧིང་ སློབ་གྲྭ་ནང་ ཚོད་བསྲེ་བཙོང་མི་གིས་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ ཐོབ་ནུག་ཟེར་ཨིནམ་ད་ སློབ་གྲྭ་ནང་ ཚོད་བསྲེ་བཙུགས་ནིའི་དོན་ལུ་ ཁྱིམ་གྱི་མཐའ་འཁོར་ལུ་ ཚོད་བསྲེ་ལྡུམ་ར་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ཨ་ལོ་༢ ཀྱི་ཨའི་ཅིག་ བཀྲིས་ལྷ་མོ་གིས་ སླབ་མིའི་ནང་ སྡེ་ཚན་བཟོ་བའི་ལོ་དེ་ནང་ ཚོད་བསྲེ་གི་རིགས་ གླང་དོ་ལས་བཅད་དེ་ འཛུགས་སྐྱོང་འབད་བའི་ཤུལ་ལས་ ཐོན་སྐྱེད་ཚུ་ བཙོང་སའི་ས་གོ་མེད་པར་ ལཱ་འབད་མི་ཚུ་ ཆུད་ཟད་སོང་ཡི་ཟེར་ཨིན་པས།
མ་གཞི་ ཚོད་བསྲེ་བཙོང་སའི་ས་གོ་དང་ ཁྲོམ་དེ་ར་ཡོད་པ་ཅིན་ གཡུས་ཚན་ལས་ ཚོད་བསྲེ་ཐོན་སྐྱེད་འབད་ནིའི་ འོས་འབབ་ཡོདཔ་མ་ཚད་ མི་སེར་སོ་ནམ་པ་ཚུ་གིས་ཡང་ ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་རུང་ ས་གོ་མེདཔ་ལས་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་བཏུབ་པས་ཟེར་ཨིན་པས།
ཝེང་མཁར་སིང་ཚོད་བསྲེ་སྡེ་ཚན་གྱིས་ ད་ལྟོ་ཚུན་ དངུལ་ཀྲམ་སྟོང་ཕྲག་༦༠ ལྷགཔ་ཅིག་ བཟོ་ཡོདཔ་ད་ དེ་ཡང་ ཟླ་རིམ་བཞིན་དུ་ འཐུས་མི་རེ་གིས་ དངུལ་ཀྲམ་༡༠༠ རེ་ བཙུགས་དགོཔ་ཨིན་པས།
དགྲ་མེད་རྩེ་རྒེད་འོག་ལས་ སོ་ནམ་རྒྱ་བསྐྱེད་འགོ་དཔོན་ རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ ད་ཚུན་ རྒེད་འོག་ནང་ ཚོད་བསྲེ་སྡེ་ཚན་༣ ཡོདཔ་བཞིན་དུ་ སྡེ་ཚན་ཚུ་གིས་ ཚོད་བསྲེའི་ལཱ་འབད་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ལས་ རྒེད་འོག་ནང་ ཁེ་ཕན་བྱུང་པའི་ཁར་ སྡེ་ཚན་མ་བཟོ་མི་ མི་སེར་ཚུ་གིས་ཡང་ སྡེ་ཚན་བཟོ་ནི་ལུ་ སྤྲོ་བ་ལེན་ཏེ་ཡོད་ཟེར་ཨིན་པས།
ཚོད་བསྲེ་སྡེ་ཚན་ཚུ་གིས་ ད་ལས་ཕར་ གནམ་བྱཱར་དགུན་མེད་པར་ ཚོད་བསྲེའི་ལཱ་འབད་ཐབས་ལུ་ རྒེད་འོག་སོ་ནམ་གྱི་ཁ་ཐུག་ལས་ རྒྱབ་སྐྱོར་འབད་དེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

དགྲ་མེད་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *