ཚོད་བསྲེ་རིགས་༣ ནང་འདྲེན་བཀག་དམ་འབད་ཡོདཔ།

༉ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ རྒྱལ་ཁབ་ནང་ གནས་སྐབས་ཅིག་གི་རིང་ ཚོད་བསྲེ་རིགས་༣ རྒྱ་གར་ལས་ ནང་འདྲེན་བཀག་དམ་འབད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ ད་རུང་ ཡང་བསྐྱར་དུ་ གསལ་བསྒྲགས་འབདཝ་ཨིན་པས།
ཚོད་བསྲེ་ཚུ་ཡང་ མེ་ཏོག་ཀོ་པི་དང་ སྲནམ་ཅུམ་ དེ་ལས་ ཨེ་མ་ནང་འདྲེན་འབད་མི་ཚུ་ནང་ འབུབ་སྨན་ཨ་རོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ལས་ གསལ་བསྒྲགས་དེ་ལུ་ ངོས་ལེན་དང་ བསྟར་སྤྱོད་འབད་དགོ་པའི་ གསལ་བསྒྲགས་འབདཝ་ཨིན་ཟེར་ དབང་འཛིན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ མི་མང་ལུ་ ཁྱབ་བསྒྲགས་འབད་མིའི་ནང་བཀོད་ནུག།
སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སོ་ནམ་ལས་ཁུངས་ཀྱི་ ཐོན་སྐྱེད་སྡེ་ཚན་གཙོ་འཛིན་ བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཚོད་བསྲེ་ཚུ་ ནང་འདྲེན་འབད་ནི་ལས་ བཀག་ཆ་འབད་བའི་ཤུལ་ལུ་ ཚོད་བསྲེ་གཞན་མི་ཚུ་ལུ་ དཀའ་ངལ་མེད་རུང་ ཨེ་མ་དེ་ལུ་ དུམ་གྲ་ཅིག་ དཀའ་ངལ་བྱུང་མི་དེ་ ཧེ་མ་བཟུམ་ཅིག་ར་ མ་འབྱུང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོད་བསྲེ་ཚུ་ཡང་ སྤྱི་ལོ་༢༠༡༧ གྱི་ཟླཝ་༧ པ་ལས་ བཀག་ཆ་འབད་ཡོདཔ་བཞིན་དུ་ ལོ་དེ་ནང་ ཨེ་མ་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཕྱིའི་རྒྱལ་ཁབ་ལས་ གནམ་གྲུ་ནང་ འབག་འོང་དགོཔ་ཐོན་རུང་ ད་རེས་ དཀའ་ངལ་དེ་ཅིག་ར་ མ་འཐོན་ཟེར་ཨིན་པས།
འདས་པའི་ལོ་ངོ་༢ ཀྱི་རིང་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ཚོད་བསྲེ་ཚུ་ནང་ འབུབ་སྨན་གྱི་ རྫས་སྦྱོར་ཡོད་མེད་ཀྱི་ བརྟག་དཔྱད་ཅ་ཆས་དང་ ཕྱིའི་རྒྱལ་ཁབ་ནང་ ཚན་རིག་བརྟག་དཔྱད་ཀྱི་ཐོག་ལས་ ལྟ་རྟོག་འབད་ནུག།
དེ་བསྒང་ བཀག་དམ་འབད་ཡོད་པའི་ ཚོད་བསྲེ་ཚུ་ནང་ འབུབ་སྨན་ཨ་རོ་ཚུ་ ཚད་ལས་བརྒལ་ཏེ་
ཡོད་པའི་ མངོན་གསལ་བྱུང་ཡོདཔ་ལས་ ཚོད་བསྲེ་གསུམ་དེ་ འཕྲོ་མཐུད་དེ་ར་ བཀག་དམ་འབདཝ་ཨིན་ཟེར་ གསལ་བསྒྲགས་ནང་བཀོད་ནུག།
བཀྲིས་དབང་འདུས་ཀྱིས་ སླབ་མིའི་ནང་ ཨེ་མ་གི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ལས་ཁུངས་ཀྱིས་ གནམ་དགུན་གྱི་ ཨེ་མ་འཛུགས་སྐྱོང་འབད་ནི་ལུ་ ཤུགས་བཏོན་ཡོད་པའི་ཁར་ མ་རྩ་དེ་ཡང་ སྦོམ་སྦེ་ར་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ད་རེས་ སོ་ནམ་པ་ཚུ་གི་ ཨེ་མའི་ཐོན་སྐྱེད་ཚུ་ཡང་ ལེགས་ཤོམ་སྦེ་ར་ ཚོང་འབྲེལ་འཐབ་བཞིན་དུ་ཡོད་ཟེར་ཨིན་པས།
མི་མང་ཡོངས་ཀྱི་ འཕྲོད་བསྟེན་དང་ ཉེན་སྲུང་གི་དོན་ལུ་ སྤེལ་དོ་ཡོདཔ་ལས་ འབྲེལ་ཡོད་ཡོངས་ཀྱིས་ མཉམ་འབྲེལ་གང་དྲག་མཛད་དེ་ ལག་ལེན་དང་བསྟར་སྤྱོད་ནང་ རྒྱབ་སྐྱོར་མཛད་གནང་ཟེར་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཁྱབ་བསྒྲགས་འབདཝ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *