ཚོད་བསྲེ་རང་ལྡང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་དགོཔ།

༉ ཡུན་མ་རིངམོ་ཅིག་གི་ཧེ་མར་ འབྲུག་མི་ཚུ་གིས་ གནམ་དགུན་གྱི་དུས་ཚོད་ལུ་ ཚོད་བསྲེ་ཧོནམོ་ཚུ་ མ་འཐོབ་ཨིནམ་ཤེས་ཏེ་ དགུན་ཐེངས་གཅིག་ ལང་ཚུགས་ནིའི་དོན་ལུ་ ཀ་ཀུ་རུ་སྐམ་དང་ དོ་ལོམ་སྐམ་ ལོམ་སྐམ་ དེ་ལས་ ཨེ་མ་སྐམ་ཚུ་ བཟོ་བཞག་དོ་ཡོདཔ་ལས་ ཚོད་བསྲེ་མ་ལང་པའི་ བྱེལཝ་མེད་པར་ སྡོདཔ་ཨིན་མས།

ཨིན་རུང་ ད་རེས་ནངས་པར་ ཚོད་བསྲེ་མ་ལང་པའི་ དཀའ་ངལ་བྱུང་བའི་སྐོར་ལས་ ཨ་རྟག་ར་ ལོ་རྒྱུས་ཚུ་གོཝ་ད་ ང་བཅས་ར་ གྲ་སྒྲིག་རྐྱབ་མ་ཤེས་པའི་ སྐྱོན་ཅིག་སྦེ་ མཐོང་གསལ་བྱུངམ་ཨིན་མས།

ཕྱོགས་གཅིག་ལས་བལྟ་བ་ཅིན་ ས་དྲོད་ཡོད་སའི་ ས་གནས་ཚུ་ནང་ སྡོད་མི་ཚུ་གིས་འབད་རུང་ ད་ལྟོ་ཚུན་ གནམ་དགུན་གྱི་ ཚོད་བསྲེ་འཛུགས་སྐྱོང་ཐོག་ལས་ རང་སོའི་ འོང་འབབ་བཟོ་ནི་དང་ ཚོད་བསྲེའི་རང་ལྡང་བཟོ་ནི་ལུ་ བཙོན་ཤུགས་མ་བསྐྱེད་པའི་ བརྡ་མཚོན་སྟོནམ་ཨིན་རུང་ དུས་ཅི་ ནད་ཡམས་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་འབད་བའི་ དུས་ཚོད་ལུ་ ལྷག་པར་དུ་ ཚོད་བསྲེ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་གིས་ ཐོན་སྐྱེད་འབད་ནིའི་ དྲན་ཚོར་བྱུང་མི་དང་བསྟུན་ ད་རེས་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཚོད་བསྲེ་ཐོན་སྐྱེད་འབད་ནི་ འགོ་བཙུགས་ནུག།

ལྷོ་མཚམས་རྫོང་ཁག་ཚུ་གིས་ སྤྱི་ཟླ་༡༢ པའི་ནང་ལས་ ཚོད་བསྲེ་ཐོན་སྐྱེད་འབད་ནི་ འགོ་བཙུགསཔ་ཨིན་རུང་ མཁོ་འདོད་འགྲུབ་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ཡང་ གཅིག་ལས་བལྟ་བ་ཅིན་ དུས་ཚོད་ཁར་ ཆརཔ་མ་རྐྱབ་མི་དང་ ཞིང་ཆུ་ལངམ་སྦེ་ མེད་མི་ལུ་བརྟེན་ ཐོན་ཤུགས་ལུ་ བར་ཆར་རྐྱབ་ཡོདཔ་ཨིན་མས།

དེ་མ་ཚད་ མི་དང་ རི་དྭགས་སེམས་ཅན་བར་ནའི་ དཀའ་ངལ་དང་ གནས་གཤིས་གནས་སྟངས་ འགྱུར་བགྲོད་འགྱོ་མི་དེ་གིས་ཡང་ སོ་ནམ་གྱི་ཐོན་ཤུགས་ཚུ་ དུས་ཚོད་དང་བསྟུན་ ཐོན་སྐྱེད་འབད་ནི་དང་ རང་ལྡང་བཟོ་ནི་ལུ་ གནོད་སྐྱོན་རྐྱབ་སྟེ་འདུག།

རྒྱལ་ཁབ་ནང་ སྤྱི་ལོ་༡༩༦༡ ལུ་ འཆར་གཞིའི་ལས་སྣ་ཚུ་ འགོ་བཙུགསཔ་ལས་ཚུར་ བཟའ་འཐུང་གི་ཉེན་སྲུང་དང་ རང་མགོ་རང་འདྲོངས་ དེ་ལས་ དབུལ་ཕོངས་མར་ཕབ་རྐྱབ་ནིའི་ སྲིད་བྱུས་ལེ་ཤ་ཅིག་ར་ བརྩམས་ཡོདཔ་མ་ཚད་ འཆར་གཞི་༨ པ་ལས་ཚུར་ བཟའ་འཐུང་དང་ཟས་བཅུད་ཉེན་སྲུང་དེ་ སྲིད་བྱུས་ཀྱི་ དམིགས་གཏད་ངོ་མ་ཅིག་སྦེ་ ངོས་འཛིན་འབད་ནུག།

ཨིན་རུང་ ད་ལྟོའི་བར་ན་ཡང་ སྒོ་ནོར་གྱི་ ཐོན་སྐྱེད་ལས་འགོ་བཟུང་སྟེ་ ཆུམ་དང་ ཤ་ ཚོད་བསྲེའི་རིགས་ཚུ་ རྒྱ་གར་ལས་ ནང་འདྲེན་འབད་བཞིན་དུ་ཡོདཔ་ད་ ང་བཅས་ཀྱིས་ རྒྱ་གར་ལས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་དུང་ཕྱུར་༧ དེ་ཅིག་གནས་པའི་ བཟའ་འཐུང་གི་རིགས་ཚུ་ ནང་འདྲེན་འབདཝ་ཨིན་མས།

ད་རེས་ ནད་ཡམས་ལུ་བརྟེན་ ང་བཅས་རའི་ འཆར་གཞི་དང་ སྲིད་བྱུས་ དེ་ལས་ ཐབས་བྱུས་ཚུ་ བསྐྱར་ཞིབ་དང་ ལེགས་བསྒྱུར་འབད་ནིའི་ གོ་སྐབས་ཐོབ་ཡོད་རུང་ གནད་དོན་གསརཔ་ཅིག་ མེན་མི་དེ་ཡང་ ཨ་རྟག་ར་ ང་བཅས་རའི་ བཟའ་འཐུང་གི་རིགས་ཚུ་ འཛུགས་སྐྱོང་འབད་ནི་ལུ་ གཙོ་རིམ་བཟུང་དགོ་པའི་སྐོར་ལས་ ལོ་རྒྱུས་སླབ་བཞིན་དུ་ཡོདཔ་ཨིན།

གཞུང་ལས་ རྒྱབ་སྐྱོར་ཐོབ་མི་ སོ་ནམ་ཞིང་པ་ཚུ་ ལོ་ངོ་བཅུ་ཕྲག་གི་ཤུལ་ལས་ཡང་ སོ་ནམ་དང་འབྲེལ་བའི་ གཞི་རྟེན་དཀའ་ངལ་ཚུ་ འཕྲོ་མཐུད་བྱུངམ་ད་ ང་བཅས་རའི་ སོ་ནམ་མཁས་མཆོག་ཚུ་གིས་འབད་རུང་ ཐོན་སྐྱེད་གང་མང་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་བཏོན་ཏེ་ ལག་ལེན་འཐབ་ནིའི་ དུས་ཚོད་རན་ནུག།

ཚོད་བསྲེ་མ་ལང་པའི་ དཀའ་ངལ་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལས་ ཐབས་རིག་དང་ འཕྲུལ་རིག་ དེ་ལས་ མི་སྟོབས་ཚུ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་པ་ཅིན་ མཐར་འཁྱོལ་འབྱུང་ཚུགས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *