ཚོད་བསྲེ་བཙོང་སྟེ་ འཚོ་བའི་གནས་སྟངས་ ཡར་དྲག་བཏང་ཚུགས་དོ་ཡོདཔ།

༉ མོང་སྒར་ལས་ ཀི་ལོ་མི་ཊར་༨༠ དེ་ཅིག་ནང་ ཆགས་ཡོད་མི་ རྩ་མང་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་སྡོད་དོ་ཡོདཔ་ལས་ འཚོ་བའི་གནས་སྟངས་ཡར་དྲག་གཏང་ཐབས་ལུ་ རྒེད་འོག་སོ་ནམ་དང་ སྒོ་ནོར་ དེ་ལས་ ནགས་ཚལ་ལས་སྡེའི་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ གཞི་རྟེན་མཐུན་རྐྱེན་དང་ ལས་རིམ་སྣ་ཚོགས་ཀྱི་ རྒྱབ་སྐྱོར་ཚུ་འབད་ནུག།
འདས་པའི་ལོ་ཚུ་ནང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ རི་དྭགས་སེམས་ཅན་གྱིས་ གནོད་སྐྱོན་རྐྱབ་མི་ལས་ བཀག་འཛིན་གྱི་དོན་ལུ་ གཞུང་གིས་ གློག་ཐག་ར་བ་གི་ རྒྱབ་སྐྱོར་གནང་མི་དང་ དངུལ་ཐོགས་འོང་འབབ་བཟོ་ཐབས་ཀྱི་ མཐུན་རྐྱེན་ཚུ་ མཁོ་སྒྲུབ་འབད་མི་ལུ་བརྟེན་ བསྒྱུར་བཅོས་སོང་སྟེ་འདུག།
ཨིན་རུང་ སློབ་རིམ་༡༡ པ་མཐར་འཁྱོལ་བའི་རྗེས་སུ་ སོ་ནམ་པ་སྦེ་སྡོད་མི་ འཇིགས་མེད་དབང་ཕྱུག་གིས་ ད་ རེས་ནངས་པར་ ས་ཆ་ཨེ་ཀར་༡ དེ་ཅིག་ནང་ འཛུགས་སྐྱོང་འབད་མི་ ཚོད་བསྲེའི་ཐོན་སྐྱེད་ཚུ་ མོང་སྒར་ཁྲོམ་དང་ རྒྱལ་པོའི་ཞིང་ཁྲོམ་ཚུ་ནང་ སྐྱེལ་འདྲེན་འབད་དེ་ འོང་འབབ་བཟོཝ་ཨིན་པས།
ཁོ་གི་ ཚོད་བསྲེ་ལྡུམ་རའི་ནང་ འདབ་མ་ཀོ་པི་དང་ མེ་ཏོག་ཀོ་པི་ ལ་ཕུག་ ཧོན་ཚོད་ ལ་ཕུག་དམརཔོ་ སྲནམ་ཅུམ་ཚུ་ འཛུགས་སྐྱོང་འབདཝ་བཞིན་དུ་ ཐོན་སྐྱེད་ཚུ་ཡང་ རེ་བ་ལས་ལྷག་སྟེ་ཐོན་ནུག།
སྐྱེས་ལོ་༣༩ ལང་མི་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ལུ་ གདོང་ ལེན་ཡོད་རུང་ ལོ་བསྟར་བཞིན་དུ་ ཚོད་བསྲེ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ བཟོ་ ཚུགས་མི་གིས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ ཟད་འགྲོ་དང་ བཟའ་འཐུང་གི་རིགས་ཚུ་ མཁོ་སྒྲུབ་འབད་དོ་ ཡོདཔ་ཨིན་པས།
ལྷག་པར་དུ་ ཚོད་བསྲེའི་ཐོན་སྐྱེད་ཚུ་ ཁྲོམ་གྱི་མི་སེར་ཚུ་གིས་ མཁོ་མངགས་འབད་མི་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མ་ཚད་ གོང་ཚད་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ ད་ལས་ཕར་ ཚོད་བསྲེ་ལྡུམ་ར་དེ་ རྒྱ་སྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༣ ལས་འགོ་བཙུགས་ཏེ་ སོ་ནམ་པ་སྦེ་ལཱ་འབད་བའི་སྐབས་ ཐོན་ཁུངས་ཡང་མེདཔ་མ་ཚད་ འོང་འབབ་བཟོ་ནི་ལུ་ཡང་ གདོང་ལེན་བྱུང་ཡོདཔ་ལས་ གཡུས་མི་ཚུ་གིས་ བཟའ་སྤྱོད་འབད་མིའི་ཞིང་ རྒྱ་ཆེཝ་སྦེ་ ཡོད་རུང་ ཁྱིམ་མཐའ་འཁོར་མ་གཏོགས་ ལཱ་འབད་མ་ཚུགས་པར་སྡོད་ཡོདཔ་ཨིན་པས།
དུས་ཅི་ལས་ འཇིགས་མེད་དབང་ཕྱུག་གིས་ རྫོང་ཁག་གཞན་ཚུ་ནང་ ཚོད་བསྲེ་བཙོང་མི་ཚུ་དང་ མཐུན་ལམ་བཟོ་སྟེ་ སྐྱེལ་འདྲེན་བཱསི་ཚུ་ནང་ སྐྱེལ་དོ་ཡོདཔ་ལས་ འོང་འབབ་ལོག་ལྟབ་སྦེ་ བཟོ་ཚུགས་པའི་ རེ་བ་བསྐྱེད་དོ་ ཡོདཔ་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ རྡོ་རྗེ་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒེད་འོག་ནང་ ཚོད་བསྲེ་ སྡེ་ཚན་༡ ལས་བརྒལ་མེད་མི་ཡང་ ན་ཧིང་ ཧྲམ་ཡོད་རུང་ ལོག་གཞི་བཙུགས་འབད་ནིའི་དོན་ལུ་ མི་སེར་ཚུ་ དང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཚོད་བསྲེའི་ཐོན་སྐྱེད་ཚུ་ ག་དེམ་ཅིག་འབད་རུང་ རྩ་མང་སློབ་གྲྭ་ཆུང་བ་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ དེ་ལས་ ནང་འཁོད་མི་སེར་ཚུ་གིས་ ཉོ་འབག་དོ་ཡོདཔ་ལས་ བཙོང་མ་ཚུགས་པའི་དཀའ་ངལ་ མ་མཐོང་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ ཨ་རྟག་དང་ཕྱདཔ་ད་ ལེ་ཤ་གིས་ ཡར་དྲག་སོང་ཡི་ཟེར་ ཨིན་པའི་གནས་ཚུལ།

རྩ་མང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

བཟའ་གྲོགས་ལུ་ ཨམ་སྲུ་༤༤ ནག་ཚོང་འཐབ་པའི་ ཉེས་འཛུགས་ཀྱི་གྲོས་འདེབས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་འཛུགས་ཚུ་ལུ་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ། ༉ མི་ཌཱལ་ཨིསི་ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ འབྲུག་པའི་ཨམ་སྲུ་ཚུ་ ཉེས་ཚོང་འཐབ་ཡོད་པའི་ ཁ་ཉེས་ཕོག་མི་ ལས་སྡེ་ངོ་ཚབ་༣༠ ཡོད་མི་ལས་ རྒྱལ་གཞུང་ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་ཞིབ་དཔྱད་སྡེ་ཚན་ཅིག་གིས་ རྩོད་དོན་༡ ཉེས་བཤེར་གྱི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *