ན་ཧིང་ལས་ བཟོ་སྐྲུན་འབད་ཡོད་རུང་ ཆུ་དུང་མཐུད་སྦྲེལ་མ་འབད་བར་ཡོད་མི་ ཆུ་ཏོག་ཚུ།

ཚོད་བསྲེ་ཁྲོམ་ཁར་ ཆུའི་དཀའ་ངལ་ ཤུལ་མའི་བདུན་ཕྲག་ནང་ སེལ་ཚུགས་པའི་རེ་བ།

༉ བསམ་གྲུབ་ལྗོངས་མཁར་གྱི་ ཚོད་བསྲེ་ཁྲོམ་ཁར་ འཐུང་ཆུའི་དོན་ལུ་ ཆུ་ཏོག་ཚུ་རྐྱབ་སྟེ་ ལོ་ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ འཐུང་ཆུའི་མཐུད་སྦྲེལ་མེདཔ་ལས་ ཚོད་བསྲེ་དང་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་འདུག།
ཚོད་བསྲེ་ཚོང་ཁྱིམ་ཚུ་ནང་ ཚོད་བསྲེ་བཙོང་མི་༣༠ དེ་ཅིག་ཡོད་མིའི་གྲས་ལས་ སྐྱེས་ལོ་༦༥ ལང་མི་ སྒྲོལ་མ་གིས་ སླབ་མིའི་ནང་ ཆུའི་དཀའ་ངལ་ལུ་བརྟེན་ ཚོད་བསྲེའི་རིགས་ཚུ་ འཁྱུ་མ་ཚུགས་པའི་ཁར་ ས་ཁོངས་ཚུ་ཡང་ གཙང་སྦྲ་དང་ལྡནམ་སྦེ་ བཞག་མི་ཚུགས་དོ་ཡོདཔ་མ་ཚད་ བཞེས་སྒོ་འབད་ནི་དང་ འཐུང་ནིའི་དོན་ལུ་ གསང་སྤྱོད་ནང་ཡོད་མི་ ཆུ་དེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ད་རུང་ ཚོད་བསྲེ་ཚོང་པ་ སྐྱེས་ལོ་༧༠ ལང་མི་ པདྨ་ཆོས་སྒྲོན་གྱིས་འབད་བ་ཅིན་ ཉིནམ་༡ ཚོད་བསྲེ་བཙོང་ཁྱིམ་ནང་ར་ སྡོད་དོ་ཡོདཔ་ལས་ བཞེས་སྒོ་འབདཝ་ད་ ཆུ་མེད་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ མོ་ར་ ཚོད་བསྲེ་བཙོང་སྟེ་ ལོ་༡༠ དེ་ཅིག་ ལང་ཡོདཔ་ཨིན་པས།
པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ ཚོད་བསྲེ་བཙོང་སའི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་དགོ་པའི་སྐོར་ སླབ་དོ་ཡོདཔ་ཨིན་རུང་ ཆུ་མེད་ནི་དེ་གིས་ ལཱ་ཁག་རྐྱབ་མས་ཟེར་ཨིནམ་ད་ ཆརཔ་རྐྱབ་པའི་སྐབས་ ཆུ་བཟེད་ཐོག་ལས་ ཕྱགས་བདར་རྐྱབ་དོ་ཟེར་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ ཚོད་བསྲེ་ཀེ་བ་དང་ལ་ཕུག་ དེ་ལས་ ས་སྒ་དང་ ཤིང་འབྲས་ཀྱི་རིགས་ཚུ་ མ་འཁྱུ་བ་ཅིན་ མི་ཚུ་གིས་ ཉོ་མི་བཏུབ་དོ་ཡོདཔ་ལས་ དེ་ཚུ་ འཁྱུ་ནིའི་དོན་ལུ་ ལས་མི་འཚོལ་ཏེ་ ཆུ་ལེན་པར་ བཏང་པའི་སྐབས་ ཆུ་ཇར་ཀིན་རེ་ལུ་ དངུལ་ཀྲམ་༡༠ རེ་ སྤྲོད་དགོ་པས་ཟེར་ཨིནམ་ད་ ཉིནམ་༡ ནང་ ཉུང་ཤོས་ཆུ་ཇར་ཀིན་༥ དེ་རེ་ ལེན་དགོ་པས་ཟེར་ཨིན་པས།
ཚོད་བསྲེ་བཙོང་སྟེ་ འོང་འབབ་དུམ་གྲ་རེ་ ཐོབ་མི་ཚུ་ ཆུ་ལུ་ཟད་འགྲོ་བཏང་དགོ་མི་ལུ་བརྟེན་ འཕྲལ་འཕྲལ་ཁང་གླ་དང་ གློག་མེ་སྤྱོད་འཐུས་བཏབ་མ་ཚུགས་པའི་ དཀའ་ངལ་ཐོནམ་མས་ཟེར་ ཆོས་སྐྱིད་དབང་མོ་གིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ ས་ཁོངས་ཚུ་ གཙང་སྦྲ་སྦེ་ བཞག་མ་ཚུགས་པའི་བསྒང་ལས་ གཟུགས་ལུ་ནད་གཞི་འཐོབ་ནིའི་ ཉེན་ཁ་ཡོད་རུང་ ཕམ་སྤུན་ཆ་དང་ ཨ་ལོ་ཚུ་གི་ ཟད་འགྲོ་བཏང་དགོཔ་ལས་ ཐབས་མེད་པར་ ཚོད་བསྲེ་བཙོང་དགོ་པས་ཟེར་ཨིན་པས།
ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོད་བསྲེ་ཁྲོམ་ཁར་ འཐུང་ཆུ་བཀྲམ་སྤེལ་འབད་ནིའི་དོན་ལུ་ ཆུ་ཏོག་ཚུ་ རྐྱབ་ཚར་ཡོདཔ་མ་ཚད་ ས་འོག་ལས་ ཆུ་དུང་ཚུ་ཡང་ བཙུགས་ཚར་ཡོདཔ་ལས་ ཆུའི་མི་ཊར་གཞི་བཙུགས་ནི་རྐྱངམ་གཅིག་ ལུས་ཡོདཔ་བཞིན་དུ་ བདུན་ཕྲག་༡ དེ་ཅིག་གི་ཤུལ་ལས་ འཐུང་ཆུ་བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཆུ་དེ་ བཀྲམ་སྤེལ་འབད་ཚར་ཞིནམ་ལས་ ཚོད་བསྲེ་བཙོང་་མི་ཚུ་ ཇོ་བདག་བཟུམ་ཅིག་ཨིནམ་ལས་ ཆུའི་མི་ཊར་བདག་འཛིན་འབད་མི་དང་ ཆུ་སྤྱོད་འཐུས་ བསྡུ་ལེན་འབད་མི་ཡང་ ཁོང་རའི་ནང་ལས་ ངོ་ཚབ་དགོ་ནི་ཨིན་རུང་ ད་ལྟོ་ ཁས་བླངས་འབད་མི་ མ་ཐོན་ཟེར་ཨིན་པས།
ཤུལ་ལས་ ཆུ་ཏོག་ལ་སོགས་པ་ཚུ་ མེད་ཐལ་བ་ཅིན་ ཚོད་བསྲེ་བཙོང་མི་ཚུ་ལུ་ ཉེས་བྱ་བཀལ་འོང་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *