ཚོང་འབྲེལ་འཐབ་པའི་སྐབས་ ཨང་གནས་ཅན་གྱི་ཐོག་ལས་ དངུལ་སྤྲོད་ཚུགས་ནི།

༉ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ འབྲུག་པའི་ཚོང་འབྲེལ་པ་ཚུ་ལུ་ ཉེན་སྲུང་ཐོག་ལས་ དངུལ་སྤྲོད་ཚུགས་ནིའི་དོན་ལུ་ ཁ་ཙ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱ་གར་གྱི་ རྒྱལ་ཡོངས་དངུལ་སྤྲོད་ལས་འཛིན་གྱིས་ བྷ་རཊ་དངུལ་སྤྲོད་ཟེར་མི་ རིམ་ལུགས་དེ་ འགོ་འབྱེད་འབད་ཡོདཔ་ཨིན་པས།

ལམ་ལུགས་གསརཔ་ལུ་བརྟེན་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ འབྲུག་ལུ་འོང་བའི་སྐབས་ རིམ་ལུགས་དེ་ ལག་ལེན་འཐབ་ཐོག་ལས་ དངུལ་སྤྲོད་ཚུགས་པའི་ཁར་ དེ་ཡང་ འབྲུག་པའི་ཚོང་འབྲེལ་གྱི་ ཞབས་ཏོག་བྱིན་མི་ཚུ་གིས་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ལས་ རིམ་ལུགས་དེ་ འཐོབ་ཚུགས་ནི་ཨིན་པས།

རིམ་ལུགས་དེ་ དངུལ་འབྲེལ་གཙུག་སྡེ་ག་ར་གིས་ རིམ་ལུགས་ཅིག་གི་ཐོག་ལས་ སྤྲོད་ཚུགས་པའི་ཁར་ འགོ་འབྱེད་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ སླབ་མིའི་ནང་ རྒྱ་འབྲུག་གི་བར་ན་ ཨང་གནས་ཅན་གྱི་ཐོག་ལས་ དངུལ་སྤྲོད་ལེན་འབད་ནིའི་ཞབས་ཏོག་བྱིན་ནིའི་ནང་ གྲུབ་འབྲས་ཅན་ཅིག་འགྱོ་བའི་ རྟགས་མཚན་ཨིན་ཟེར་བཤད་ཅི།

དངུལ་སྤྲོད་ལེན་གྱི་ མཐུན་རྐྱེན་དེ་གིས་ ཚོང་འབྲེལ་འཐབ་མི་དང་ ཚོང་མགྲོན་པའི་བར་ན་ ཏི་རུ་དངོས་སུ་སྦེ་ ལག་ལེན་འཐབ་མ་དགོ་པར་ ལཱ་ཚུ་འབད་ཚུགས་པའི་ ཁེ་ཕན་འོང་ནི་ཨིནམ་ད་ དེ་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ དཔལ་འབྱོར་གྱི་གནས་སྟངས་ དེའི་སྐོར་ལས་ཡང་ ཤེས་ཚུགས་ནི་ཨིན་པས།

རིམ་ལུགས་དེ་གིས་ ཚོང་འབྲེལ་དེ་ དྭངས་གསལ་ཐོག་ལས་ ཡར་དྲག་གཏང་ཚུགས་པའི་ཁར་ ཏི་རུ་པར་སྐྲུན་འབད་བའི་ ཟད་འགྲོ་ཡང་ མར་ཕབ་འབད་ཚུགས་ཟེར་ དངུལ་རྩིས་བློན་པོ་གིས་ བཤད་ཡོདཔ་ཨིན་པས།

ད་རེས་ རྒྱལ་ཁབ་ནང་ རིམ་ལུགས་ལག་ལེན་འཐབ་ཐོག་ལས་ ཏི་རུ་ངོས་ལེན་འབད་མི་ ཚོང་པ་༢༣,༧༩༢ ཡོད་པའི་ཁར་ ༣༥༦,༡༥༧ གྱིས་ ཐོ་བཀོད་འབད་ཡོདཔ་ཨིན་པས།

འབྲུག་ལུ་ཨིན་པ་ཅིན་ ནད་ཡམས་ཀྱི་དུས་ཚོད་ནང་ རིམ་ལུགས་དེ་ ལག་ལེན་འཐབ་ཐོག་ལས་ དངུལ་སྤྲོད་ལེན་འབད་མིའི་ གྱངས་ཁ་དེ་ ཡར་སེང་འགྱོ་མི་ལུ་བལྟ་བ་ཅིན་ འབྲུག་མི་ཚུ་གིས་ ཏི་རུ་ངོ་མ་སྦེ་ ལག་ལེན་མ་འཐབ་པར་ ཚོང་འབྲེལ་འཐབ་ནིའི་ནང་ དང་འདོད་ཡོད་པའི་ བརྡ་མཚོན་ཨིན་མས་ཟེར་ བློན་པོ་གིས་བཤད་ཡོདཔ་ཨིན་པས།

འགོ་འབྱེད་སྐབས་ རྒྱ་གར་གྱི་ དངུལ་རྩིས་བློན་པོ་ ནིར་མ་ལཱལ་ སི་ཐ་ར་མཱན་གྱིས་ ཡོངས་འབྲེལ་ཐོག་ལས་ གྲལ་གཏོགས་ འབད་ཡོདཔ་ད་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ འབྲུག་ལུ་ཡོད་མི་ རྒྱ་གཞུང་གི་འགོ་དཔོན་ཚུ་ དེ་ལས་ དངུལ་འབྲེལ་ གཙུག་སྡེ་དང་ ཕྱི་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།

འགོ་འབྱེད་དང་འབྲེལ་ རྒྱ་གར་གྱི་ དངུལ་རྩིས་བློན་པོ་གིས་ རྒེད་འོག་ཅིག་ལས་ཐོན་སྐྱེད་ཅིག་ཟེར་མི་ ཐོན་སྐྱེད་ཚོང་འབྲེལ་ འཐབ་པའི་སྐབས་ ཏི་རུ་ངོ་མ་སྦེ་ ལག་ལེན་མ་འཐབ་པར་ རིམ་ལུགས་དེའི་ཐོག་ལས་ སྤྲོད་ཡོདཔ་ཨིན་པས།

རྒྱ་གར་གཞུང་ཚབ་ཡིག་ཚང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ རིམ་ལུགས་འགོ་འབྱེད་འབད་མི་དེ་ཡང་ སྤྱི་ལོ་༢༠༡༩ ཟླ་༩ པའི་ནང་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ མོ་དཱི་གིས་ འབྲུག་ལུ་བྱོནམ་ད་ མཉམ་འབྲེལ་གསལ་བཤད་ འབད་བའི་སྐབས་ ཁས་བླངས་འབད་མི་དང་འཁྲིལ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *