ཚོང་འབྲེལ་ཁྱད་རིག་གྲོས་འཛོམས་ནང་ གྲལ་གཏོགས་འབད་མི་ ཚོང་འབྲེལ་མཁས་མཆོག་ཚུ།

ཚོང་འབྲེལ་མཁས་མཆོག་ཚུ་གི་བར་ན་ ཚོང་འབྲེལ་འཐབ་ཐངས་ཀྱི་ ཁྱད་རིག་གྲོས་འཛོམས།

༉ ཁ་ཙ་ལས་ རྒྱལ་ས་ལྟེ་བ་ལུ་སྦེ་ ལེགས་བསྒྱུར་ཚོང་འབྲེལ་གྲོས་འཛོམས་ཐེངས་༢ པའི་ ཉིནམ་དང་པའི་ནང་ འབྲུག་མི་༩ བརྩིས་ཏེ་ མི་གྲངས་༡༦ དེ་ཅིག་གིས་ རང་སོའི་རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་པའི་སྐབས་ གདོང་ལེན་དང་ ཚོང་འབྲེལ་འཐབ་ཐངས་ཀྱི་སྐོར་ལས་ གསལ་བཤད་ཚུ་འབད་ཡི།

དུས་ཅི་གི་ ཞལ་འཛོམས་དེ་ བཟོ་གྲྭ་ཆུང་བ་དང་ བར་མའི་དོན་ལུ་ དངུལ་འབྲེལ་མཐུན་རྐྱེན་ཚུ་ ལེགས་བསྒྱུར་འབད་ནི་དང་ མི་མང་དང་ སྒེར་སྡེའི་བར་ན་ མཐུན་འབྲེལ་བཟོ་ནི་ དེ་ལས་ དཔལ་འབྱོར་ཡར་དྲག་གཏང་ནི་ སོ་ནམ་དང་འབྲེལ་བའི་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཡར་དྲག་གཏང་ནི་ དེ་ལས་ ཁེ་ཕན་ཅན་གྱི་ ཚོང་འབྲེལ་འཐབ་ནིའི་དམིགས་གཏད་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དཔལ་འབྲུག་ཞིབ་མཇུག་ལྟེབའི་གཙོ་འཛིན་ དྲགོས་ཀརྨ་ཨུ་ར་གིས་ སླབ་མིའི་ནང་ འབྲུག་པའི་ཁྲོམ་སྡེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ དགེ་ལེགས་ཕུག་ དེ་ལས་ བསམ་གྲུབ་ལྗོངས་མཁར་བཟུམ་ནང་འབད་བ་ཅིན་ འགྲོ་འགྲུལ་འབད་མི་ ལེ་ཤ་ཡོད་པའི་ཁར་ ལྟ་བཤལ་འོང་མིའི་གྱངས་ཁ་ཡང་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ནི་དེ་གིས་ ཁྲོམ་སྡེ་དེ་ཚུའི་ནང་ དཔལ་འབྱོར་གྱི་ཁྱད་པར་ཡང་ མང་སུ་སྦེ་ ཐོན་ཏེ་འདུག་ཟེར་ཨིན་པས།

གཙོ་འཛིན་གྱིས་ སླབ་མིའི་ནང་ ཁྲོམ་སྡེ་ནང་ གོང་འཕེལ་འགྱོཝ་དང་འབྲེལ་ ནང་འདྲེན་འབད་ནི་དེ་ཡང་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ ཁྱད་པར་དེ་ཚུ་ ག་དེ་སྦེ་ མར་ཕབ་འབད་ནི་ཨིན་ན་ གཞུང་གིས་བལྟ་དགོཔ་འདུག་ཟེར་ཨིན་པའི་ཁར་ རྒྱལ་ཁབ་ནང་ སོ་ནམ་གྱི་ལཱ་འབད་མིའི་གྱངས་ཁ་ ཡར་སེང་འགྱོ་མི་དེ་ཡང་ གཙོ་བོ་ར་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ལུ་བརྟེན་ཏེ་ ཐོན་ནུག་ཟེར་ཨིན་པས།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞལ་འཛོམས་འགོ་འབྱེད་འབདཝ་དང་འབྲེལ་ བཤད་མིའི་ནང་ འབྲུག་རྒྱལ་ཁབ་ནང་ གོང་འཕེལ་ཉུང་སུ་འགྱོ་མི་ རྒྱལ་ཁབ་ཀྱི་གྲས་ལས་ ཕྱི་ཁར་ཐོན་མི་དེ་ གྲུབ་འབྲས་ལེགས་ཤོམ་ཐོན་པའི་ རྟགས་མཚན་ཨིན་པའི་ཁར་ ཚོང་འབྲེལ་འབད་ཐངས་ཀྱི་གནས་ཚད་དེ་ཡང་ འཛམ་གླིང་དངུལ་ཁང་གི་གནས་ཚད་དང་འཁྲིལཝ་ད་ ཧེ་མ་ཨང་༡༤༢ ཡོད་ས་ལས་ ད་རེས་༧༥ ལུ་ལྷོད་དེ་ཡོད་ཟེར་ཨིན་པས།

རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་ལུ་ གཞི་བཞག་ཐོག་ལས་ ཚོང་འབྲེལ་ལས་སྡེ་ གཞི་བཙུགས་འབད་མི་ ཌོག་ཊར་ རུ་ཌི་གར་ ཕོགསི་གིས་བཤད་མིའི་ནང་ ཁོ་གི་ལས་སྡེ་༦ ཡོད་མི་ཚུ་ ཆ་མཉམ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་ལུ་ དཔེ་བཞག་སྟེ་ བདག་སྐྱོང་འབད་དོ་ཡོད་རུང་ བརྒྱ་ཆ་༥༠ དེ་ཅིག་ ལས་སྡེ་ནང་ ལཱ་འབད་མི་ཚུ་ལུ་ བློ་གཏད་ཚུགསཔ་བཟོ་ནི་དེ་གིས་ཨིན་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལས་སྡེ་ཡུན་བརྟན་བཞག་དགོ་པ་ཅིན་ ལཱ་འབད་མི་ཚུ་གི་ ཁེ་ཕན་དང་ཕན་བདེ་ལུ་ཡང་ བལྟ་དགོཔ་ལས་ ལྟ་བ་དེ་གིས་ ཚོང་འབྲེལ་ཡུན་བརྟན་བཞག་ཐབས་ལུ་ ལྷན་ཐབས་འབད་ཚུགས་པས་ཟེར་ཨིན་པས།

གཡང་འཕེལ་ལས་སྡེའི་ བཀོད་ཁྱབ་འགོ་དཔོན་ ཀརྨ་བློ་གྲོས་ཀྱིས་ ཁོ་རའི་ལས་སྡེ་འོག་ལུ་ཡོད་མི་ ཟ་ཁང་ཚུ་ནང་ ལས་བྱེདཔ་ཨམ་སྲུ་མང་ཤོས་ཡོདཔ་ཨིན་རུང་ ཨམ་སྲུ་ཚུ་གིས་ ལཱ་ལེགས་ཤོམ་འབད་ནི་ཡོད་མི་དེ་ཡང་ ཁོ་གིས་ ལས་བྱེདཔ་ཚུ་ལུ་ ཐབས་ཤེས་ག་ཅི་བཟུམ་བཏོན་པ་ཅིན་ ཕན་ཐོགས་ཡོདཔ་ཨིན་ན་ཚུ་ ཁོང་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ལཱ་འབད་ནི་དེ་གིས་ གྲུབ་འབྲས་ལེགས་ཤོམ་ཐོན་ཚུགས་པས་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལས་སྡེ་ནང་ ལས་བྱེདཔ་ཚུ་གི་དོན་ལུ་ ལམ་སྟོན་དང་སྒྲིག་གཞི་ཚུ་བཟོ་བའི་སྐབས་ ལས་བྱེདཔ་ཚུ་ལུ་ ཕན་པའི་དོན་ཚན་ཚུ་ བཙུགས་ནི་དེ་གིས་ཡང་ ཡུན་བརྟན་སྦེ་ བཞག་ཚུགས་པས་ཟེར་ཨིནམ་ད་ ཁོ་རའི་ལས་སྡེ་གི་ ཟ་ཁང་གིས་ ཕྱགས་སྙིགས་བརྒྱ་ཆ་༩༨ དེ་ཅིག་ བསྐྱར་སྤྱོད་འབད་དོ་ཡོདཔ་ལས་ དེ་ཚུ་ཡང་ ག་ར་ ལས་བྱེདཔ་ཚུ་གིས་ འབད་ནི་ཡོད་ཟེར་ཨིན་པས།

འཛམ་གླིང་སྤྱི་ཚོགས་ མ་རྩ་གོང་འཕེལ་མ་དངུལ་གྱི་ ལས་རིམ་འཛིན་སྐྱོང་མཁས་མཆོག་ ར་ཇིབ་ ཀུ་མར་ གུབ་ཏ་གིས་ སླབ་མིའི་ནང་ ཚོང་འབྲེལ་འབད་མི་ཚུ་ལུ་ ཚོང་འབྲེལ་འཐབ་ནིའི་ ཆོག་ཐམ་ཡོད་མི་རྐྱངམ་གཅིག་མེན་པར་ གཞུང་གིས་ཧོངས་ལས་ ཚོང་འབྲེལ་འཐབ་མི་ཚུ་ལུ་ མཐུན་རྐྱེན་ཚུ་ བྱིན་ནིའི་ཐབས་ལམ་ཚུ་ལུ་ཡང་ བལྟ་དགོཔ་གལ་ཆེ་ཟེར་ཨིན་པས།

ཉིནམ་དང་པའི་ནང་ བཟོ་གྲྭ་ཆུང་བ་དང་ བར་མ་ཡོད་མི་ཚུ་ལུ་ དངུལ་འབྲེལ་མཐུན་རྐྱེན་ཚུ་དང་འབྲེལ་བའི་ གདོང་ལེན་ཚུ་ ག་ཅི་ར་ ཡོདཔ་ཨིན་ན་ཚུའི་སྐོར་ལས་ཡང་ གསལ་བཤད་འབད་ཡོདཔ་ད་ འབྲུག་པའི་གསལ་བཤད་འབད་མི་ཅིག་གིས་ དངུལ་ཁང་གི་ མིང་མ་བཏོན་པར་ དངུལ་འབྲེལ་ཞབས་ཏོག་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་མ་ཚུགས་པའི་སྐོར་ལས་ཡང་ བཤད་ཡོདཔ་ཨིན་པས།

ཉིན་གྲངས་༣ འབད་མི་ ཞལ་འཛོམས་དེ་ ད་རིས་ མཇུག་བསྡུ་ནི་ཨིནམ་ད་ ཞལ་འཛོམས་ནང་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ དཔལ་འབྱོར་དང་ཚོང་འབྲེལ་མཁས་མཆོག་ཚུ་ མགྲོན་བརྡ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *