ཚོང་འབྲེལ་བ་༥ གིས་ རྒྱབ་སྐྱོར་ལས་རིམ་༢ པའི་ནང་ ཚོང་འབྲེལ་གནས་སྐབས་གསལ་བཤད།

༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཐིམ་ཕུག་ལུ་ འབྲུག་དཔལ་འབྱོར་ལེགས་བསྒྱུར་གྲོས་འཛོམས་ནང་ ཚོང་ལཱ་འགོ་བཙུགས་ཀྱི་ མ་རྩའི་རྒྱབ་སྐྱོར་ ལས་རིམ་༢ པ་ འགོ་འདྲེན་འཐབ་པའི་སྐབས་ ཚོང་འབྲེལ་འཐབ་མི་༥ གིས་ མ་རྩ་བཙུགས་འདོད་ཡོད་མི་ཚུ་གི་གདོང་ཁར་ རང་སོའི་ཚོང་འབྲེལ་སྐོར་ལས་དང་ གནས་སྐབས་ཚུ་ གསལ་བཤད་འབད་ཡི།
ཚོང་འབྲེལ་གྱི་ གནས་སྐབས་དང་ རང་སོའི་ཚོང་འབྲེལ་གྱི་ དམིགས་འཆར་གསར་བཏོན་འབད་མིའི་གྲས་ལས་༡ བྷུ་ཊཱན་ཨཱལ་ཊར་ནེ་ཊིབ་ཟེར་ འབྲུག་གདམ་ཁ་དེ་ཨིནམ་ད་ དེ་ཡང་ འཕྲུལ་ཆས་དང་འབྲེལ་བའི་ ཨི་ཕྱགས་སྙིགས་འཛིན་སྐྱོང་ལས་འགུལ་ཨིན་པས།
ལས་འགུལ་དེ་གིས་ རྒྱལ་ཁབ་ནང་ ཊོ་ནར་སྣག་དུང་ ཡུན་བརྟན་ལག་ལེན་འཐབ་ནི་དང་ དེ་བཟུམ་མའི་ ཕྱགས་སྙིགས་ཚུ་ བཀོ་ས་བརྒྱུད་དེ་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་བྱུང་མི་དེ་ མར་ཕབ་ནི་ཨིན་པས།
དེ་མ་ཚད་ ལས་འགུལ་དེ་ ཚོང་མགྲོན་པ་ཚུ་ལུ་ འབྲུག་རྒྱལ་ཁབ་ནང་ སྣག་དུང་བསྐྱར་ལོག་ བཟོ་སྐྲུན་འབད་མི་ དང་པ་འོང་ནི་ཨིནམ་ད་ ཟད་འགྲོ་མར་ཕབ་འབད་ཐབས་ལུ་ སྤུས་ཚད་ཅན་གྱི་ པར་སྐྲུན་ཐོན་སྐྱེད་འབད་ནི་དང་ དུས་ཚོད་གསོག་འཇོག་དང་ རང་བཞིན་གནས་སྟངས་དང་མཐུན་པའི་ ཐོན་སྐྱེད་ཚུ་ འབད་ནི་ཨིན་པས།
རྒྱབ་སྐྱོར་ཟེར་མི་ ལས་རིམ་དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༡༤ ལུ་ འགོ་འབྱེད་འབད་ཡོདཔ་བཞིན་དུ་ དེ་གིས་ འབྲུག་པའི་ན་གཞོན་ཚོང་འབྲེལ་པ་ཚུ་ལུ་ མ་རྩ་བཙུགས་འདོད་ཡོད་མི་ཚུ་གིས་ མ་རྩའི་རྒྱབ་སྐྱོར་ བྱིན་ཐོག་ལས་ ཚོང་འབྲེལ་གྱི་ གནས་སྐབས་དང་ ཚོང་འབྲེལ་ཚུ་ རྒྱ་སྐྱེད་འབད་ཚུགས་ནི་ཨིན་པས།
ཚོང་འབྲེལ་གྱི་ གནས་སྐབས་བརྗེ་སོར་འབད་མི་གཞན་ཚུ་ཡང་ ཀིང་དྲོམ་ཨེ་སིས་དང་ ཧེ་མ་ལ་ཡཱན་བཞེས་སྒོ་ ཝཱན་ཀི་ལིཊ་ཤོབ་ དེ་ལས་ སཱ་ཌོན་བཟོ་བཀོད་ཚུ་ཨིནམ་ད་ ཀིང་དྲོམ་ཨེ་སིས་དེ་ རང་ལུགས་ཀྱི་ སྨན་བཟོ་མི་ ལས་འགུལ་ཅིག་ཨིནམ་ད་ ཧེ་མ་ལ་ཡཱན་བཞེས་སྒོ་གིས་ ཀེ་བའི་ཁ་ཟས་ཚུ་ བཟོ་ནི་ཨིན་པས།
དེ་ལས་ ཝཱན་ཀི་ལིཊ་ཤོབ་ཀྱིས་ ཁྱིམ་ནང་ལས་ཕར་ སྐྱེལ་སྤྲོད་འབད་མི་ ཚོང་འབྲེལ་ཅིག་ཨིནམ་ད་ དང་ཕུའི་སྒྱུ་རྩལ་དེ་གིས་ དེང་སང་གི་ མཛེས་ཆ་དང་ལྡན་པའི་ དྲན་ཆས་ཚུ་ བཟོ་དོ་ཡོདཔ་ཨིན་པས།
རྒྱབ་སྐྱོར་ལས་རིམ་ཐེངས་༢ པའི་སྐབས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ ཚོང་འབྲེལ་པ་ཚུ་ལུ་ དམིགས་བསལ་དུ་ མ་དངུལ་འཛིན་སྐྱོང་འབད་བའི་སྐབས་ འགན་འཁྲི་དང་ ཉམ་ཆུང་ཐོག་ སྡོད་དགོ་པའི་ བརྩི་མཐོང་སྐོར་ལས་ བཤད་པའི་ཁར་ ད་རེས་ ཚོང་འབྲེལ་འཐབ་མི་ཚུ་ མ་རྩ་གཞི་བཙུགས་འབད་མི་ བལྟ་ནི་མེན་པར་ མཉམ་འབྲེལ་དང་ བསླབ་སྟོན་པའི་ རྒྱབ་སྐྱོར་འབད་གནང་ཟེར་བཤད་ཅི།
རྒྱབ་སྐྱོར་དང་པའི་སྐབས་ ཚོང་འབྲེལ་བཙུགས་ནི་ལུ་ མ་རྩ་མེད་པའི་ དཀའ་ངལ་ལུ་བརྟེན་ དེ་ལུ་ གཙོ་རིམ་བཟུང་ཡོད་རུང་ ད་རེས་ཀྱི་ ཚོང་འབྲེལ་པ་ཚུ་ ཚོང་འབྲེལ་གཞི་བཙུགས་འབད་ཡོད་རུང་ རྒྱ་སྐྱེ་བཏང་མ་ཚུགས་པར་ཡོདཔ་ལས་ དེ་ལུ་ ཤུགས་བཏོན་ཏེ་ཡོད་ཟེར་ཨིན་པས།
རྒྱབ་སྐྱོར་ལས་རིམ་དེ་ སྤྱི་ལོ་༢༠༡༨ ཟླ་༡༢ པའི་ནང་ དང་འདོད་ཅན་གྱི་ མ་རྩ་བཙུགས་མི་གི་ གཞི་བཞག་ཐོག་ལས་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *